༢༠༡༨ ཟླ་ ༡༢ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཚད་མཐོ་ཤོས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་ཆེན་མཛད་སྒོ་དེ་བཞིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་མ་སྐུལ་དང་བླངས་ཐོག་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། སྦར་སེལ་ཆོས་རིག་འཛིན་སྐྱོང་གི་གོ་སྒྲིག་འོག་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག
དེ་ཡང་བོད་རིག་སློབ་མའི་རིགརྩལ་མཚན་ཚོགས་ཐེངས་ ༥ དེ་ཉིན་ཚོགས་ཏེ། བོད་པའི་སློབ་ཕྲུག་རྣམས་ཀྱིས་རང་ལུགས་གཟབ་མཆོར་ལེགས་པར་སྤྲས་ནས་སྙན་ངག་གྱེར་དོན་དང་སློབ་གསོ། དེ་བཞིན་གླུ་དབྱངས་འགྲན་སྡུར་གྱི་ལམ་ནས་མཛད་སྒོ་སྲུང་བརྩི་ཞུས་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་ནི། མགོན་པོ་གང་ཉིད་ནས་རྒྱ་དམར་གཞུང་གིས་བོད་ས་ཧམ་བཟུང་བྱས་ཏེ་བོད་མིའི་ཐོག་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་གནོན་ཇི་ཙམ་བྱས་ཀྱང་འཚེ་མེད་ཞི་བ་བྱམས་བརྩེའི་ལམ་འབའ་ཞིག་ལ་བརྟེན་ནས་བོད་དོན་བདེན་གསལ་ཐབས་མཛད་པའི་རླབས་ཆེན་མཛད་བཟང་གི་འཕྲིན་ལས་ཕྱོགས་བཅུར་ཉི་འོད་ལྟར་ཁྱབ་པར་བརྟེན། ཞི་བདེའི་ཚོགས་ཆུང་ནས་མ་གྲོས་བསམ་པ་གཅིག་མཐུན་སྒོ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོའི་མཚན་རྟགས་འབུལ་ལམ་ཞུས་པ་དང་། རིམ་བཞིན་བོད་ཀྱི་གནད་དོན་དེར་རྒྱལ་སྤྱིའི་ཁྱོན་དུ་དོ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། དེ་ལ་བརྟེན་ནས་བོད་དོན་འཐབ་རྩོད་ལ་ནུས་པ་གསར་པ་ཞིག་ཐོབ་ཡོད་སྐོར་དང་།
ལྷག་པར་བོད་མི་རྣམས་མི་ལོ་དྲུག་ཅུ་ལྷག་རིང་གཞན་ཡུལ་དུ་གྱར་ནས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་ཀྱང་། བོད་མིའི་གཏམ་དཔེར། མཆོད་རྟེན་མགོ་མཇུག་ལོག་ཀྱང་། བམ་རིམ་སྐེད་པར་གནས། ཟེར་བ་ལྟར་གཞན་ཡུལ་དུའང་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་མ་ཟད། རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་གཞུང་མང་ཚང་མས་མིག་དཔེར་འོས་པ་ཞིག་ཏུ་གྱུར་ཐུབ་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་འབའ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། བོད་མི་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོས་མི་རབས་ནས་ནས་མི་རབས་བར་བོད་མིའི་བླ་སྲོག་ཆོས་དང་སྐད་ཡིག་སོགས་རིག་གཞུང་དེ་དག་ལ་མི་རིགས་གཞན་གྱི་ཤན་ཞུགས་ལ་བརྟེན་ནས་བསྲེས་ལྷད་མ་ཡོང་བ་བྱ་རྒྱུ་གལ་འགངས་ཆེ་བ་མ་ཟད། ཕ་མ་ཚོས་ཀྱང་རང་མི་རིགས་ཀྱི་ལས་འགན་མ་རྗེད་པར་སོ་སོའི་ཕྲུ་གུ་ཚོར་རྒྱུན་དུ་བོད་སྐད་དང་བོད་ཀྱི་རིག་གཞུང་ལ་དོ་སྣ་དགོས་པའི་ལམ་སྟོན་གནང་དགོས་པའི་དྲན་སྐུལ་ཡང་བཏང་བ་དང་སྦྲགས། ཆོས་རིག་འཛིན་སྐྱོང་ངོས་ནས་ད་བར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་རྒྱུན་འཛིན་སླད་འབད་བརྩོན་གནང་དང་གནང་མུས་ལ་ཡི་རང་བསྔགས་བརྗོད་རྒྱ་ཆེ་གནང་འདུག
སྦེལ་ཇམ་ནང་གཟའ་མཇུག་སློབ་གྲྭ་དྲུག་ནས་སློབ་ཕྲུག་གྲངས་ ༣༠༠ དང་དགེ་རྒན་བཞི་བཅུ་ཙམ་གྱིས་ད་བར་བོད་ཀྱི་སྐད་ཡིག་སློབ་ཁྲིད་སྦྱང་བརྩོན་ཆེད་འབད་བརྩོན་གནང་བཞིན་པ་དེར་སྦེལ་ཇམ་བོད་མི་ཚང་མས་མཉམ་རུབ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་བཅས།།