༢༠༡༨ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ ཉིན་གྱི་ཕྱེད་ཡོལ་དུ་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་ Nitish Kumar མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་མངའ་སྡེའི་གཞུང་ལམ་ཐོག་སྐྱོད་སྐབས་ཡུ་པི་མངའ་སྡེའི་གཞུང་ལམ་ཡག་པོ་ཡོད་ཀྱང་།
དེ་རྗེས་རིམ་བཞིན་བྷི་ཧཱར་མངའ་སྡེའི་ནང་འབྱོར་སྐབས་ལམ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། མགོན་པོ་གང་ཉིད་ཀྱིས་སྐབས་དེའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ལུ་མཆོག་ལ་འགན་འཁྲི་ཡོད་སྐོར་བཀའ་སྩལ་མྱོང་བ་ཐུགས་དྲན་གསོ་མཛད། བློན་ཆེན་མཆོག་ནས་ཀྱང་འཆར་ལོའི་ནང་མགོན་པོ་གང་ཉིད་སླར་ཡང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་གསོལ་འདེབས་ཞུས་འདུག མཇལ་འཕྲད་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བློན་ཆེན་མཆོག་ལ་མཇལ་དར་གསོལ་སྩལ་མཛད་སྐབས་དཀར་གཙང་མཇལ་དར་དང་བློན་ཆེན་མཆོག་གི་དབུ་སྐྲ་དཀར་པོ་གཉིས་སུ་དཀར་བ་ཡོད་མེད་འགྲན་བསྡུར་བྱེད་བཞིན་འདུག ཅེས་ཞལ་ཤོབ་མཛད།