ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསུང་རར་ཆིབས་སྒྱུར་སྐྱོང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སོགས་ཀྱིས་སྤོས་སྣེས་སྔོན་བསུས། དེ་ནས་གསུང་ཆོས་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་བཏོན་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་བརྟན་བཞུགས་ཐོག་ལ་བོད་སྐྱོང་ལྷ་སྲུང་གནས་ཆུང་ཆོས་རྒྱལ་དང་། བརྟན་མ། གཉན་ཆེན་ཐང་ལྷ། སྐབས་རེ་རྨ་ཆེན་སྤོམ་ར་ཡང་ཕེབས་ཀྱི་ཡོད། གང་ལྟར་བོད་དང་སྤྱིར་སངས་རྒྱས་ཀྱི་བསྟན་པ། འགྲོ་བའི་བདེ་སྐྱིད། ཡང་སྒོས་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་དུ་སྲུང་ཞིང་སྐྱོང་མཁན་ཆོས་སྐྱོང་སྲུང་མ་དེ་དག་ང་ཚོར་ཐུན་མོང་མིན་པའི་འབྲེལ་བ་ཆགས་ཡོད། ངོས་དང་ལས་སྨོན་གྱི་འབྲེལ་བ་ཏན་ཏན་ཡོད་པ་རེད། ཁྱེད་རང་ཚོ་བོད་གངས་ཅན་གྱི་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་སྲུང་རྣམས་ཀྱི་ལུང་པ་བོད་ཆགས་བསྡད་ཡོད་པ་རེད། ངོས་ཀྱིས་རྒྱ་གར་བ་ཚོར་རྩེད་མོ་དང་སྦྲགས་བརྗོད་ཀྱི་ཡོད། ལྷ་ཆེན་དབང་ཕྱུག་གི་གནས་གཞི་བོད་ནང་གི་གངས་ཏེ་སེ་ཆགས་ཡོད་པ་རེད། དེར་བརྟེན་ལྷ་ཆེན་དབང་ཕྱུག་བོད་ཀྱི་ལྷ་རེད། ཅེས་ཟེར་གྱི་ཡོད། སྟོན་པ་བཅོམ་ལྡན་འདས་རྒྱ་གར་ནང་འཁྲུངས་པ་རེད། ང་ཚོ་བོད་འབངས་རྣམས་བཅོམ་ལྡན་གྱི་རྗེས་འབྲངས་པ་རེད། དེར་བརྟེན་རྒྱ་གར་ནས་འཁྲུངས་པའི་དངོས་གནས་དྲང་ནས་བསམ་གྱིས་མི་ཁྱབ་པའི་སྟོན་པ་གཅིག་གི་རྗེས་སུ་འབྲང་གི་ཡོད་པ་རེད། རྒྱ་གར་གྱི་མུ་སྟེགས་པ་དུང་ཕྱུར་མང་པོས་ཆུ་མོ་གང་གཱ་ལ་རྩ་བ་ཆེན་པོར་རྩི་བཞིན་ཡོད། གང་ལྟར་ལྷ་ཆེན་དབང་ཕྱུག་ལ་རྩི་ཡི་ཡོད་པའི་ཆ་ནས་བོད་པའི་ལྷ་ལ་སྐྱབས་སུ་མཆི་ཡི་ཡོད་པ་རེད་ཅེས་རྗོད་ཀྱི་ཡོད། དེར་བརྟེན་རྒྱ་གར་དང་ང་ཚོའི་དབར་ཐུན་མིན་གྱི་འབྲེལ་བ་ཞིག་ཆགས་འདུག ངོས་རང་ལ་དེ་འདྲའི་ཚོར་བ་ཞིག་ཀྱང་ཡོང་གི་འདུག ལྷ་ཆེན་དབང་ཕྱུག་དམིགས་བསལ་ངོས་དང་འབྲེལ་བ་ཞིག་ཡོད་པའི་བཟོ་འདྲ་པོ་མཐོང་གི་འདུག དེ་རིང་འདིར་དངོས་སུ་གནས་ཆུང་ཆོས་རྒྱལ་གཙོ་བོར་གྱུར་པའི་དེ་དག་༸རྒྱལ་བ་དགེ་འདུན་རྒྱ་མཚོ་དང་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་ཡོད། ༸གོང་ས་ལྔ་པ་ཆེན་པོ་དང་དམིགས་བསལ་འབྲེལ་བ་ཡོད་པ་རེད།
བརྟན་མ་བཅུ་གཉིས་དང་པོ་རྒྱ་གར་ནས་རེད། རྗེས་སུ་སློབ་དཔོན་ཐུགས་རྗེ་ཅན་གྱིས་བོད་ལ་བཀའ་སྒོས་གཉེར་གཏད་མཛད་པ་ཞིག་ཆགས་པ་རེད། འབྲས་སྤུངས་ལའང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། དེ་རིང་དགའ་ལྡན་ཕོ་བྲང་དང་དམིགས་བསལ་འབྲེལ་བ་ཡོད་བསྡད་པའི་ལྷ་སྲུང་དེ་དག་སྤྱན་འདྲེན་གནང་ན་བྱས་པ་རེད། དེ་རིང་གི་བརྟན་བཞུགས་འདི་ལྷ་མི་ཟུང་འབྲེལ་ཡིན་པའི་སྐད་ཆ་རེད། དེས་གང་མཚོན་གྱི་ཡོད་པ་རེད་ཅེ་ན། ༸རྒྱལ་བ་རིན་པོ་ཆེའི་མཚན་དོད་དུ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ཟེར་གྱི་འདུག ཁམས་གོང་མའི་ལྷ་གང་ཤེས། འདོད་ཁམས་པའི་ལྷའི་གཙུག་རྒྱན་ཆགས་ཡོད་པ་རེད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་གངས་ཅན་ལྗོངས་ཀྱི་མི་སྣ་མང་པོ་ཞིག་འདིར་འཛོམས་ཡོད། བོད་གཞིས་ལུས་རྒྱ་ཆེའི་མི་མང་གིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྨོན་ལམ་རྒྱག་མཁན་ས་ཡ་མང་པོ་ཡོད། དེ་དག་གི་ཚབ་བྱས་ཏེ་དེ་རིང་ངོས་ལ་བརྟན་བཞུགས་གནང་གི་ཡོད་པ་རེད། ང་ཚོ་དང་ལས་སྨོན་གྱི་འབྲེལ་བ་དམིགས་བསལ་ཡོད། ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་ཞེས་ངོས་ཀྱི་མིང་ཐོན་པ་རེད།
དུས་ཚོད་གཉན་འཕྲང་གི་སྐབས་ནས་ངོས་ཀྱིས་བོད་གངས་ཅན་གྱི་ལྗོངས་ཀྱི་བསྟན་སྲིད་གྱི་ཞབས་འདེགས་གང་ལ་གང་འཚམ་བསྒྲུབས་ཡོད། ད་དུང་ཡིན་ནའང་གཟུགས་པོ་ནི་བདེ་པོ་འདུག ཀླད་པ་ནི་གྲུང་ཐག་ཆོད་ཡོད། མུ་མཐུད་ལོ་བརྒྱ་ཕྲག་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། དེ་བཞིན་ཁྱེད་རང་ཚོ་ཚང་མས་སྨོན་ལམ་རྒྱོབ་ཤོག བོད་ནས་ཡོང་མཁན་ཁ་ཤས་ཡོད་ས་རེད། ཧི་མཱ་ལ་ཡི་རི་རྒྱུད་ནས་བོད་གངས་ཅན་གྱི་ཆོས་བརྒྱུད་གཅིག་པ་ཡིན་པའི་སྐྱ་སེར་མང་པོ་བསླེབས་ཡོད། ཁྱེད་རང་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱོབ། བློ་བདེ་པོ་བྱས་ནས་བཞུགས་ཨང་། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་རྗེས་བརྟན་བཞུགས་དངོས་གཞི་དབུ་འཛུགས་དང་། ཆོས་སྐྱོང་རྣམས་སྤྱན་འདྲེན་གནང་བ་སོགས་ཞལ་འདོན་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་རྣམ་གྲྭའི་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བཅས་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས།
དེ་ནས་བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་མངའ་ཞབས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་ཕན་བདེའི་སླད་༸སྐུ་ཚེ་ཡུན་རིང་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། རྟེན་འབྲེལ་མཚོན་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆུང་བ་གྲངས་ ༡༡༣ བརྟན་བཞུགས་ཀྱི་འབུལ་མཚོན་དུ་འདེགས་འབུལ་ཞུས་ཡོད། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ནི། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཡིན་པ་བཅས། །