ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་བཀའ་དྲིན་སྩལ་ཡོད།
དེ་ཡང་ཞོགས་པ་ཆུ་ཚོད་ ༧།༢༠ ཙམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་ཐང་གིས་རྡོར་གདན་དུས་དབང་གསུང་ཆོས་ར་བའི་ལྷ་ཁང་དུ་ཆིབས་བསྒྱུར་གྱིས་སྒྲུབ་གཞག་མཛད་པ་དང་། སྒྲུབ་གཞག་གྲུབ་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། རྒྱ་གར་དང་ཐའེ། འབར་མ། ཅང་མ། བྷང་ལ་རྡེ་ཤཱི་སོགས་ཀྱི་གནས་བརྟན་སྡེ་བའི་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་འདོན་གནང་བ་དང་། དེ་རྗེས་ནུབ་གླིང་བ་ཁག་གཅིག་གིས་འདོན་དབྱངས་གསར་རྩོམ་གནང་ཡོད་པ་དང་སྦྱར་ནས་ཨིན་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་༸གོང་ས་མཆོག་གིས་སྨྲ་བསམ་བརྗོད་མེད་མ་སོགས་གསུང་འདོན་དང་འབྲེལ་བཀའ་སློབ་སྩལ་དོན།
དེ་རིང་འཇིགས་བྱེད་ཀྱི་དབང་བྱེད་རྒྱུ་དང་། སྤྱིར་ཟབ་མོ་རྟེན་འབྱུང་གི་ལྟ་བ་དང་འབྲེལ་བའི་སངས་རྒྱས་པའི་ཆོས་དང་། ཡང་སྒོས་གསང་སྔགས་རྡོ་རྗེ་ཐེག་པའི་གནད་འགག་ག་རེ་ཡིན་པ་ཡག་པོ་ཞིག་མ་ཤེས་ན་ལྷ་སྒོམ་པ་དང་། སྔགས་བགྲངས་པ། ཞི་ཁྲོའི་ལས་སྒྲུབ་པ། རྩ་རླུང་ཐིག་ལེ་སྒོམ་པ། གཏུམ་མོ་སྒོམ་པ། གྲོང་འཇུག་དེ་ཡང་མུ་སྟེགས་པ་ལའང་ཡོད་པ་འདྲ། ལོ་གཅིག་ངོས་རང་མུ་སྟེགས་པའི་སྔགས་པ་ཞིག་ལ་ཐུག་ནས་སྐད་ཆ་བྱུང་སྐབས་ཁོ་ཚོར་གཏུམ་མོ་འདུག གྲོང་འཇུག་ཀྱང་ཕལ་ཆེར་ཡོད་པ་འདྲ། འཕོ་བ་འདུག དེར་བརྟེན། བོད་ཀྱི་སངས་རྒྱས་པའི་ཆོས་འདི་ལ་སྤྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐེ་ཚོམ་བྱེད་མཁན་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་མ་བྱུང་གོང་ནས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་གསུངས་མཁན་ཡོད་པ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་ཐེག་ཆེན་བཀའ་སྒྲུབ་གསུངས་ཡོད། སློབ་དཔོན་ལེགས་ལྡན་གྱིས་ཀྱང་ཧ་ཅང་སྒྲུབ་འདུག དེ་ནས་ཞི་བ་ལྷས་ཀྱང་སྤྱོད་འཇུག་གི་ཤེས་རབ་ལེའུའི་ནང་དུ་ཐེག་ཆེན་བཀའ་སྒྲུབ་གསུངས་ཡོད། ཕལ་ཆེར་བྱམས་ཆོས་སྡེ་ལྔའི་མདོ་སྡེ་རྒྱན་གྱི་ལེའུ་དང་པོའི་ནང་དུའང་ཐེག་ཆེན་བཀའ་སྒྲུབ་སྐོར་ལ་གསུངས་ཡོད་པ་རེད།
བྱེ་བྲག་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་མུ་སྟེགས་པའི་ཆོས་དང་འབྲེལ་བ་རེད་དེ་སངས་རྒྱས་ཀྱིས་གསུངས་ཡོད་པ་མ་རེད། ཅེས་བཤད་མཁན་ཡོང་གི་ཡོད་པ་རེད། ཁ་སང་ཞུས་པ་ལྟར་དེ་ལྟ་བུའི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་ཞེས་དམིགས་བསལ་བ་ཞིག་ལ་བརྩིས་ནས་གང་ལྟར་ཆོས་ཁུངས་བཙུན་པ་ཡིན་མིན་ཐེ་ཚོམ་ལྟ་བུ་བྱས་ཡོད་པ་རེད།
དེ་རིང་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བཤད་ཀྱི་ཡོད་པ་རེད། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ནི་ཟབ་མོ་རྟེན་འབྱུང་གི་ལྟ་བ་གཞི་ལ་བཞག་པའི་ཆོས་ཤིག་རེད། འདི་དུས་རབས་ ༢༡ པའི་ནང་ཚན་རིག་དང་མཐུན་པའི་ཆོས་ཚུལ་ལམ་ལྟ་གྲུབ་ཅིག་ཆགས་ཡོད་པ་རེད། དེ་རྨང་གཞི་ལ་བཞག དེ་ནས་བསམ་པ་བཟང་པོ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་དམིགས་ཡོད། སྤོ་རྨོ་ཚོས་སྨོན་ལམ་རྒྱག་པའི་སྐབས་སུའང་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་གི་ཡོད། འགྲོ་བ་རིགས་དྲུག་དང་། མདོར་ན་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་མཉམ་དུ་བཞག་ནས་རང་གི་མི་ཚེ་འདིར་རྩ་ཆེ་ཤོས་སོ་སོའི་མ་རེད། དེ་ལྟར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱམས་བརྩེས་བསྐྱངས་མཁན་དྲིན་ཆེ་བ་ཞིག་ལ་བལྟ་དགོས་ཀྱི་ཡོད་པ་རེད། ང་རང་ཚོ་ཚང་མ་སོ་སོའི་བརྩེ་བའི་མ་ལ་ཧ་ཅང་སྙིང་ཉེ་བོ་ཡོད་པས་སེམས་ཅན་ཐམས་ཅད་ལ་དེ་བཞིན་བལྟ་དགོས་པའི་ཆོས་ཚུལ་ཞིག་ཡོད་པ་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་ཀྱི་ཡོད་པ་དང་། དེའི་ནང་ནས་སངས་རྒྱས་པའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་ལ་སོ་སོ་སྙིང་ནས་བརྩེ་བའི་མ་ནང་བཞིན་བལྟ་དགོས་པ་རེད་ཅེས་ཡོང་གི་ཡོད། མ་རྒན་སེམས་ཅན་ཐམས་ཅད་ཅེས་རྗོད་ན་ཚིག་ལ་ནུས་པ་ཞིག་འདུག ཕ་རྒན་སེམས་ཅན་ཐམས་ཅད་ཅེས་རྗོད་ན་ག་འདྲ་ཞིག་འདུག ཅེས་དང་།
དེ་ལྟ་བུའི་ཆོས་ཚུལ་དེའི་ཐོག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཞེས་པ་ཅི་ལྟ་བུ་ཞིག་རེད་ཅེ་ན། གསང་སྔགས་རྡོ་རྗེ་ཐེག་པ་ཞེས་གསུངས་པ་དེའི་ཐོག་ནས་ཀྱང་ཡོངས་གྲགས་བྱས་ནས་བཤད་རྒྱུ་ཞིག་མིན་པ་རེད། པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་བསྟན་པ་སྤྱི་བཙན་ཞེས་ཡོངས་གྲགས་བྱས་ཏེ་བལྟ་རྒྱུ་ཡོད་པ་ཞིག་རེད། ཁ་སང་ཞུས་པ་ལྟར་སྟོང་ཉིད་ཀྱི་ལྟ་བར་ཆ་བཞག་ན་ནང་པའི་ཆོས་ཁས་མི་ལེན་མཁན་དང་། ནང་པའི་ཆོས་ལ་ཐེ་ཚོམ་ཡོད་མཁན་ཚོས་ཀྱང་སྟོང་ཉིད་ཀྱི་ལྟ་བར་བགྲོ་གླེང་བྱས་ཏེ། དེའི་ཐོག་ནས་ནང་ཆོས་ངོ་སྤྲོད་བྱ་རྒྱུ་ཡོད་པ་ཞིག་རེད། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ།། གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ།། དེ་ཡིས་སྟོང་པ་ཉིད་བསྟེན་ཏེ།། འདི་ཉིད་ཁོ་ནར་ཡིད་ཆེས་བྱ།། ཞེས་ཨརྱ་དེ་ཝས་གསུངས་འདུག དེ་བདེན་པ་དང་དངོས་ཡོད་གནས་ཚུལ་རེད། ཕན་པའི་བསམ་པ་མཐར་ཐུག་པ་ཞིག་ཆོས་ལུགས་ཚང་མར་ཡོད་པ་རེད།
པཎ་གྲུབ་བཅུ་བདུན་སོགས་ཀྱི་གསུང་ཡོང་གྲགས་ཀྱིས་བལྟ་བཞིན་པ་དེ་བསྟན་པ་སྤྱི་བཙན་དང་། སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་བྱ་རྒྱུད་ཀྱི་རིགས་ཁ་ཤས་དགེ་སློང་གི་མནབ་བཟའ་མནབས་པའི་ཐོག་ནས་གསུངས་པ་ཡོད་པ་རེད། གཞན་གསང་སྔགས་ཀྱི་ཆོས་སྐོར་མང་ཆེ་བ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་ཤར་ནས་གསུངས་པ་ཞིག་རེད་འདུག དེར་བརྟེན། དེ་ལྟ་བུ་ནི་གང་ཟག་དམིགས་བསལ་བསོད་ནམས་ཀྱི་རྒྱབ་རྟེན་ཡོད་པ། དབང་པོ་རྣོན་པོ་དང་ཧ་ཅང་བསམ་བློ་གཏོང་ཐུབ་མཁན་ལ་འགྲེལ་བཤད་ཡག་པོ་བྱུང་ཐུབ་པ་ཡིན་ན་གསང་སྔགས་ལ་ཡིད་ཆེས་སླེབས་ཐུབ་པ་ཞིག་ཡོང་གི་ཡོད་པས་འདི་གང་ཟག་སྒོས་བཙན་རེད། ཐ་སྙད་འདི་གཉེན་མགོན་གསུང་རབ་པས་གསུངས་འདུག ཐ་སྙད་འདི་ངོས་ཀྱིས་ཧ་ཅང་འཇུག་པོ་ཞིག་ཏུ་མཐོང་སོང་། གཉེན་མགོན་གསུང་རབ་ཧ་ཅང་མཁས་པ་རེད། ཁོང་དགེ་ལུགས་པ་རེད། གཏེར་སྟོན་བསོད་རྒྱལ་སོགས་ཀྱི་ཞབས་ལ་གཏུགས་ནས་རྫོགས་ཆེན་ལའང་ཧ་ཅང་མཁས་པ་ཡོད་པ་ཞིག་རེད། དེར་བརྟེན། ཁོང་གི་གསུངས་དུ་བསྟན་པ་སྤྱི་བཙན་དང་གང་ཟང་སྒོས་བཙན་ཞེས་པའི་ཐ་སྙད་འདི་འདུག ཧ་ཅང་འཇུག་པོར་མཐོང་བས་ཅུང་རྒྱ་ཆེ་རུ་བཏང་ནས་མདོ་ཕྱོགས་ཀྱི་ཆོས་དེ་དག་བསྟན་པ་སྤྱི་བཙན་དང་། སྔགས་ཕྱོགས་གང་ཟག་སྒོས་བཙན་ལ་བཞག་ན་ཏག་ཏག་བྱེད་ཀྱི་འདུག་བསམ་སོང་། ངོས་ཀྱིས་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་ཡོད།
གསང་ཞེས་པ་གང་ཟག་སྒོས་བཙན་གྱི་དོན་དག་ཡིན་པས་ཡོངས་གྲགས་བྱས་ནས་མིན་པར་གསང་བ་བྱེད་དགོས་པ་ཞིག་རེད། སྔགས་ཞེས་པ་ནི་ཡིད་སྐྱོབ་པ་ལ་ཟེར་གྱི་ཡོད་པ་རེད། ཡིད་སྐྱོབ་ཞེས་པ་ནི་ཐ་མལ་བའི་སྣང་ཅན་གྱི་ཡིད་སྐྱོབ་པ་ཞིག་བཤད་ཀྱི་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་དབང་གི་སྟ་གོན་དང་བྱང་སེམས་ཀྱི་སྡོམ་པ་འབོགས་ཆོག་སོགས་རིམ་པར་སྩལ་རྗེས་ཆུ་ཚོད་ ༡༢ ཙམ་ལ་བཀའ་དབང་གནང་སྒོ་ལེགས་པར་གྲུབ་སྟེ་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། དེ་ནས་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་ཡོད་པ་བཅས། །
གནས་ཚུལ་སྐུ་པར་གྱི་འབྱུང་ཁུངས་༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།