༢༠༡༨ ཟླ་ ༡༢ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་གྷ་ཡ་རྫོང་དུ་རྟེན་གཞི་བྱས་པའི་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་བཀའ་སློབ་སྩལ་འདུག དེ་ཡང་ཧིན་དུ་དང་ནང་པ། ཡེ་ཤུ། ཁ་ཆེ། སིག བྷྲ་མ་ཀུ་མཱ་རི་བཅས་ཆོས་ལུགས་ཁག་ལས་གྲུབ་པའི་ཚོགས་མི་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ཆགས་པའི་དགའ་ལྡན་འཕེལ་རྒྱས་གླིང་དུ་ཐོག་མར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེ་ཀེ་ཁཱན་AK Khan ལགས་ཀྱིས། ཐེངས་འདིར་སླར་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་། སྤྱིར་གྷ་ཡ་རྫོང་དུ་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་ཚོགས་པ་དེ་བཞིན་ ༢༠༠༡ ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་ཞིང་། ཚོགས་པའི་ལས་དོན་ཁོངས་སུ་ཆོས་ལུགས་ཕན་ཚུན་གནས་མཇལ་ཞུ་རེས་བྱས་པ་ཙམ་མ་ཟད། ཆོས་ཕྱོགས་ཀྱི་དུས་དྲན་མཛད་སྒོ་ཁག་སྲུང་བརྩི་ཞུ་སྐབས་མཉམ་ཞུགས་བྱས་པ་བརྒྱུད་ཆོས་ལུགས་སོ་སོའི་ནང་གསུང་པའི་བྱམས་བརྩེ་དང་བཟོད་སྲན་སྐོར་ལ་གོ་རྟོགས་སྤེལ་རེས་བྱས་པ། དེ་བཞིན་ཆོས་མིང་འོག་ནས་འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་ཇི་འདྲ་ཞིག་ཡིན་རུང་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་སྐོར་སྙན་སྒྲོན་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་འཛུམ་དང་བཅས་བཀའ་སློབ་སྩལ་དོན། “ཆོས་གྲོགས་སྤུན་མཆེད་ཕོ་མོ་རྣམ་པ། ངོས་ཀྱིས་དུས་རྟག་ཏུ་བརྗོད་བཞིན་པ་ལྟར། ང་ཚོ་ཚང་མ་འགྲོ་བ་མི་ཐེར་འབུམ་བདུན་གྱི་ཆ་ཤས་སུ་གཏོགས་པ་ཆགས་ཡོད། མིག་གཉིས་དང་སྣ་གཅིག་ཡོད་པ་གཅིག་མཚུངས་རེད། འགའ་རེའི་ལུས་ལ་སྤུ་ཏོག་ཙམ་མང་བ་ཡོད་ཆོག འོན་ཀྱང་ལུས་སེམས་དང་སེམས་ཚོར་སྐྱེ་སྟངས་གང་གི་ཆ་ནས་ང་ཚོ་ཚང་མ་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་འདོད་མཁན་ཡིན་པ་གཅིག་གྱུར་རེད། ང་ཚོ་ཚང་མ་ཆུང་བྱིས་པའི་སྐབས་རང་གི་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་ཡོད་སྟབས་བྱམས་བརྩེའི་རིན་ཐང་དེ་ཆུང་བྱིས་པའི་སྐབས་ནས་ང་ཚོས་ཉམས་མྱོང་བསགས་ཡོད། ངོས་ཀྱི་ཨ་མ་ལགས་ཞིང་གཤེགས་ལ་མཚོན་ན་ཐུགས་སེམས་ཧ་ཅང་བཟང་པོ་ཞིག་རེད། ཨ་མ་ལགས་ཀྱིས་མི་ཧ་ཅང་དབུལ་ཕོངས་ཉམས་ཐག་དེ་འདྲ་གཟིགས་སྐབས་བཤུམ་པ་གནང་ནས་ཟ་རྒྱུ་གང་ཡོད་ཀྱང་སྦྱིན་ཀྱང་གནང་གི་རེད།
ངོས་ལ་བྱམས་བརྩེའི་སློབ་སྟོན་གནང་མཁན་དགེ་རྒན་ཆེས་ཐོག་མ་ཨ་མ་ལགས་ཁོང་རེད། ད་ཆ་ཚན་རིག་པ་ཚོས་ཀྱང་བརྟག་དཔྱད་བྱས་པ་བརྒྱུད་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་རེད། ཅེས་ཤོད་ཀྱི་འདུག དེར་བརྟེན་ང་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ནང་གི་བསམ་བློ་དང་འབྲེལ་བའི་བསླབ་བྱ་དེ་དག་རིས་མེད་ངོ་བོའི་ཐོག་ནས་བསླབ་གཞིར་གཞག་སྟེ་མིའི་བསམ་བློ་ཞི་བདེ་བག་ཕེབས་ལྡན་པ་ཞིག་བཟོ་རྒྱུ་དང་། དེ་འདྲ་ཞིག་བྱུང་ཐུབ་ཚེ་མི་སྡེའི་སྤྱི་ཚོགས་ཁྱོན་ཡོངས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བཟོ་ཐུབ་རྒྱུ་རེད། སྒེར་རང་ཉིད་བསམ་བློ་ཞི་བདེ་བག་ཕེབས་ལྡན་པ་ཞིག་བྱུང་བ་ཡིན་ན་ཁྱིམ་ཚང་ཡང་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུ་དང་། ཁྱིམ་ཚང་ཞི་བདེ་ལྡན་པ་ཞིག་བྱུང་བ་ཡིན་ན་སྤྱི་ཚོགས་དང་། དེ་ནས་རྒྱལ་ཁབ། མཐར་འཛམ་གླིང་ས་གོ་ལ་ཧྲིལ་པོ་ཡོངས་རྫོགས་ཞི་བདེས་ཁྱབ་ཐུབ་རྒྱུ་རེད། སྐབས་རེ་ངོས་ཀྱིས་ཆོས་ཟེར་བ་འདི་ད་ཆ་དགོས་མཁོ་ཡོད་པ་ཞིག་རེད་དམ། ཞེས་བསམ་བློའི་ནང་དྲི་བ་ཞིག་སླེབ་བཞིན་འདུག བསམ་བློ་ཡག་པོ་གཏོང་སྐབས་ཆོས་ནས་གསུང་པའི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་དེ་དག་མི་ཚང་མར་དགོས་མཁོ་ཡོད་སྟབས་ཆོས་ཀྱི་དགོས་མཁོ་ཡོད་པ་ཞིག་ཡིན་པའི་ངེས་པ་རྙེད་པ་དང་། ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚོས་ཕན་ཚུན་མཐུན་འབྲེལ་རྒྱུན་སྐྱོང་གནང་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད། དེ་ལྟར་མིན་པར་ཕན་ཚུན་རྒྱག་རེས་བརྒྱབ་ནས་བསྡད་པ་ཡིན་ན་ཆོས་ཀྱི་དགོས་པ་ཞིག་ཧ་ལམ་མེད་པ་ལྟ་བུ་རེད། དེར་བརྟེན་ཆོས་པ་ཚོས་ཆོས་ལུགས་ཕན་ཚུན་དག་སྣང་སྦྱོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
འཆར་ལོའི་ཕྱི་ཟླ་ ༦ ནང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་ཁ་ཆེའི་ཆོས་ལུགས་ལྷན་ཚོགས་ཤིག་ཚུགས་གཏན་འཁེལ་ཡོད། སྐབས་དེར་གཙོ་ཆེར་དཀྱིལ་ཤར་ཡུལ་གྲུའི་མངའ་ཁུལ་ནང་སུན་ནི་ Sunni དང་ཤི་ཡ་ Shia གཉིས་ཕན་ཚུན་འཆམ་མཐུན་གོང་འཕེལ་གཏོང་རྒྱུའི་ཐབས་ལམ་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག
ང་ཚོས་ཆོས་ནས་གང་གསུང་པའི་བསླབ་བྱ་དེ་དག་ཉམས་ལེན་ཚུལ་བཞིན་གནང་བ་ཡིན་ན་རྩོད་པ་ཡོང་སའི་གཞི་རྩ་གང་ཡང་མེད། ཆོས་ལུགས་ཚང་མར་མིའི་རྒྱུས་ལ་བྱམས་བརྩེའི་གོང་འཕེལ་གཏོང་རྒྱུའི་ནུས་པ་ལྡན་ཡོད། ཁ་ནས་ཞལ་འདོན་བཏོན་པ་ཙམ་གྱིས་འགྲིག་པ་རེད་བསམ་ན་ནོར་འཁྲུལ་རེད། དེ་ཙམ་གྱིས་འདང་གི་མ་རེད། ཆོས་མིང་ཁ་ལ་འཁྱེར་ནས་ཆོས་དང་མི་མཐུན་པའི་ལས་འགུལ་སྤེལ་བ་ཡིན་ནའང་གཏན་ནས་མ་འགྲིག་པ་རེད། ཆོས་ཁས་ལེན་མིན་མི་སོ་སོའི་རང་དབང་རེད། ཆོས་ཁས་བསླངས་རྗེས་ཁ་ཞེ་གཉིས་མེད་བྱེད་དགོས། དེང་དུས་ཤེས་ཡོན་ལམ་ལུགས་ལ་མཚོན་ན་འགྲན་རྩོད་ཀྱི་བསམ་བློ་རྨང་གཞིར་བཟུང་ནས་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་དེ་རང་གཙོ་འདོན་བྱས་ནས་འགྲོ་བཞིན་ཡོད། དེ་ལ་བརྟེན་ནས་ཕན་ཚུན་ང་ཚོ་དང་ཁོ་པ་ཚོ། ཟེར་ནས་ཕན་ཚུན་དབྱེ་འབྱེད་ཀྱི་བསམ་བློ་དེ་རང་བཞིན་གྱིས་ཤུགས་ཆེན་པོ་ཆགས་པར་བརྟེན་དཀའ་དཀལ་ཧ་ཅང་འཕྲད་བཞིན་པ་འདི་ལྟར་རེད། དཀའ་ངལ་དེ་དག་སེལ་ཆེད་རྒྱ་གར་གནའ་རབས་སྲོལ་རྒྱུན་ནས་གསུང་པའི་བློའི་རྣམ་གཞག་དང་བྱེད་ལས། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལ་གཉེན་པོ་བསྟེན་ཕྱོགས་སོགས་ལ་སློབ་སྦྱོང་བྱེད་ཐུབ་ཚེ་ཕན་ཐོགས་ཏན་ཏན་ཡོང་རྒྱུ་རེད། ཅེས་བཀའ་སློབ་སྩལ་གནང་མཛད།།