༢༠༡༨ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀིརྟི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེ་མོར་དབུ་བཞུགས་མཛད།
དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་ཆིབས་འཁོར་ལ་བཞུགས་ནས་ཀིརྟིའི་བསམ་ཡས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་འདུས་མང་ནས་སེར་སྦྲེང་དང་བཅས་ཀིརྟིའི་བསམ་ཡས་སྒར་དུ་ཕེབས་བསུ་དང་། ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག དེ་བཞིན་ཤར་བྱང་ཆོས་རྗེ་རྣམ་གཉིས། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་དང་མཇལ་ཁ་ཞུས་རྗེས་ཀིརྟིའི་སྒར་བསམ་ཡས་གླིང་དུ་མ་འོངས་པར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་སློབ་གཉེར་ཁང་བསམ་ཡས་གླིང་ཞེས་པ་དང་། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་བཅས་ཀྱི་རྟེན་དང་བརྟེན་པར་བཅས་པ་རིམ་གྱིས་གསར་བཞེངས་ཞུ་འཆར་གྱི་རྨང་རྡོ་འཇོག་གནང་མཛད་པ་དང་། མཆོག་གསུམ་གྱི་ཤིས་བརྗོད། གང་སེར་མ་གསུང་མུར་ཐུགས་སྨོན་བདེན་ཚིག་མཛད།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞུགས་ཁྲིར་༸ཞབས་སོར་བདེ་བོར་འཁོད་མཚམས་ཀིརྟི་རིན་པོ་ཆེ་མཆོག་གིས་མཇལ་དར་དང་མཎྜལ་རྟེན་དོད་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། མགོན་པོ་གང་ཉིད་ཀྱི་མཛད་ཆེན་བཅུ་གསུམ་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གྱི་གསོལ་འདེབས་ལྷ་སྙན་སྒྲོན་འབུལ་དང་། རྗེའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་བགྲོ་གླེང་གི་རིམ་པ་ངོ་སྤྲོད་ཞུ་སྐབས། དྲང་ངེས་བགྲོ་གླེང་འདི་ལྟ་བུ་ཞིག་ཚོགས་ཐུབ་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་གྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་དང་། ལྷག་པར་༸སྐུ་མདུན་དགུང་ནའི་བབ་ནས་༸སྐུ་བགྲེས་པོ་དང་སྐུ་མཉེལ་ཡོད་བཞིན་དུ་ས་གནས་སུ་དངོས་སུ་ཆིབས་སྒྱུར་བཀའ་སློབ་བཀའ་དྲིན་སྩལ་བ་དེ་རྗེས་དྲན་དུས་རྟག་ཏུ་ཞུ་རྒྱུ་ཡིན་ཞེས་དང་། བགྲོ་གླེང་འདིར་ཆོས་བརྒྱུད་རིས་སུ་མ་ཆད་པ་ཡོངས་རྫོགས་དང་སེར་མོ་བ། དགེ་བཤེས་མ་སྐྱ་བོ་ཕོ་མོ་བཅས་རིས་སུ་མ་ཆད་པ་ཆགས་ཡོད་པ་དང་།
དྲང་ངེས་བགྲོ་གླེང་གི་ཐོག་མའི་བྱུང་རིམ་སྐོར་གསུང་སྐབས་ཕྱི་ལོ་ ༢༠༡༥ ལོར་ཁམས་བྲག་མགོ་ལ་དྲང་ངེས་བགྲོ་གླེང་ཐེངས་དང་པོ་འཚོགས་པ་དང་། དེའི་སྐབས་མཁས་པའི་དཔྱད་རྩོམ་གྲངས་ ༤༡ བྱུང་བ་དང་། ཕྱི་ལོ་ ༢༠༡༦ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་ལ་རིན་པོ་ཆེ་ཁོང་གིས་རེ་འདུན་ཞུས་པ་བཞིན་བགྲོ་གླེང་ཞིག་འཚོགས་སྐབས་དགེ་ལུགས་པ། རྙིང་མ་པ། ས་སྐྱ། ཇོ་ནང་པ་བཅས་མདོ་དབུས་ཁམས་གསུམ་ནས་གདན་འདྲེན་ཞུས་ཏེ་ཁོར་ཡུག་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་འཚོགས་ཐུབ་པ་བྱུང་ཡོད། དེའི་སྐབས་དཔྱད་རྩོམ་གྲངས་ ༢༢ བྱུང་། བགྲོ་གླེང་ཐེངས་གསུམ་པ་འདིར་དང་པོ་ནས་བསམ་བློ་བཏང་བའི་སྐབས་སུ་འཆད་རྩོད་རྩོམ་གསུམ་ཚང་མ་མཉམ་དུ་ཡོང་ཐུབ་ན་བསམ་པས་རྩོམ་པའི་སྐོར་ལ་ཕྱི་ལོ་ ༢༠༡༦ ནས་མཁས་པ་རྣམ་པ་ཚོར་དཔྱད་རྩོམ་གནང་རོགས་ཟེར་ནས་སྙན་སེང་ཞུས། དེ་བཞིན་དྲང་ངེས་སྐོར་ལ་དཔྱད་རྩོམ་གྱི་འགྲན་བསྡུར་ཞིག་ཀྱང་བྱས་པ་དང་། བགྲོ་གླེང་གནང་མཁན་རྣམ་པའི་དཔྱད་རྩོམ་དང་བཅས་མཁས་པའི་དཔྱད་རྩོམ་གྲངས་ ༦༢ ཡོད། ཅེས་སོགས་ཤེས་ཚོད་དུ་དྲང་ངེས་ལེགས་བཤད་སྙིང་པོའི་འབྲེལ་བ་གྲངས་ ༨༠ དང་། ཆ་ཚང་བ་ ༤༩ ཡོད་སྐོར་སོགས་སྙན་སྒྲོན་ཞུས།
དེ་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཀིརྟི་གྲྭ་ཚང་གིས་འཇམ་མགོན་ཙོང་ཁ་པ་ཆེན་པོའི་གསུང་གི་སྙིང་པོ་ལེགས་བཤད་སྙིང་པོའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་ནས་འདིར་རང་ཅག་བོད་མི་ཡོང་རྫོགས་ཀྱི་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༸ཞབས་སོར་འཁོད་ནས་སྐལ་པ་བཟང་པོ་བྱུང་བ་ནི་ཧ་ཅང་གི་ཡག་པོ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཚོགས་བཅར་བ་ཡོངས་ལ་འཚམ་འདྲི་མཛད་རྗེས། དེ་རིང་འདིར་བགྲོ་གླེང་གནང་རྒྱུ་ནི་ལེགས་བཤད་སྙིང་པོ་ཞེས་ཡོངས་སུ་གྲགས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཅེས་མཚན་ཐོགས་པའི་སྲོལ་འབྱེད་པ་པོའི་གསུང་གཅིག་ལེགས་བཤད་སྙིང་པོ་འདི་ཡིན་པ་རེད། མདོ་ཕྱོགས་ཀྱི་ངོས་ནས་ལེགས་བཤད་སྙིང་པོ་དང་སྔགས་ཕྱོགས་ཀྱི་ངོས་ནས་རིམ་ལྔ་གསལ་སྒྲོན་གལ་ཆེ་བ་ཡིན་པས་དེ་ལ་བརྟེན་ནས་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཐོགས་པ་ཞིག་ཡིན་པ་རེད། ཅེས་སོགས་གསུང་བཤད་གནང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན། དེ་རིང་འདིར་ཀིརྟི་རིན་པོ་ཆེས་ཐུགས་ཁུར་བཞེས་ནས་དྲང་ངེས་ཀྱི་བགྲོ་གླེང་འདི་ལྟ་བུ་ཞིག་ཚུགས་པ་དང་། དེ་སྔ་རིན་པོ་ཆེས་རྡ་རམ་ས་ལར་ཀིརྟི་གྲྭ་ཚང་དུ་འདི་ལྟ་བུ་ཞིག་འཚོགས་ན་ཞེས་གསུངས་ཀྱི་འདུག སྐབས་དེར་ངོས་ཀྱིས་རྡོ་རྗེ་གདན་ལ་འཚོགས་ན་ཞེས་ཞུས་པ་ཡིན། དེ་རིང་འདིར་རྡོ་རྗེ་གདན་ལ་ཚོགས་པ་རེད། རིན་པོ་ཆེས་ལོ་མང་རིང་ལ་བསྟན་པ་དང་འགྲོ་བའི་དོན་དུ་ཁོང་ཐད་ཀར་འབྲེལ་བ་ཡོད་པའི་ཕ་ཡུལ་དུ་སློབ་སྦྱོང་གི་སྐོར་དང་། དེ་བཞིན་དགོན་སྡེ་ཚོའི་སློབ་གཉེར་ཐོག་གཟབ་གཟབ་བྱེད་དགོས་པ་ལ་སོགས་པར་འབོད་སྐུལ་གནང་ནས་ཡག་ཐག་ཆོད་རེད། ཧུར་ཐག་འབད་འཐག་གནང་སོང་། འདིར་རྟེན་གཞི་ཆེན་པོ་ཞིག་ཚུགས་པའི་འཆར་གཞི་ཡོད་པ་རེད། ཡིན་ནའང་ཆོས་སྒར་ཟེར་བའི་གྲས་རྣམས་ཕྱི་ཡི་ཁང་པ་ཧ་ཅང་རྫིག་པོ་ཞིག་དང་ནང་དུ་ཆེན་པོ་མེད་པ་ཡོང་མི་སྲིད་པ་མ་རེད། གཟི་བརྗིད་ཁོག་སྟོང་ཟེར་བ་བཞིན་ཕྱི་ལ་གཟི་བརྗིད་ཆེན་པོ་དང་ནང་ལ་ཆེན་པོ་མེད་པ་ལྟ་བུ། དེར་བརྟེན། སྐྱབས་སུ་མཆི། འདིར་བཅོམ་ལྡན་འདས་ཀྱི་སྐུ་ཆེན་པོ་ཞིག་ཉི་ཧོང་གི་ཚོགས་པ་ཞིག་གིས་བཞེངས་པ་རེད། བསམ་གྱིས་མི་ཁྱབ་པ་རེད། མཚོ་པདྨར་སློབ་དཔོན་གྱི་སྐུ་ཧ་ཅང་ཆེན་པོ་ཞིག་ཡོད་པ་རེད། རྡོ་རྗེ་གདན་འདིར་ཐུབ་དབང་གི་སྐུ་ཧ་ཅང་ཆེན་པོ་ཞིག་ཡོད་པ་རེད། སྐུ་འདི་ཕལ་ཆེར་ལོ་སྟོང་ཕྲག་ལ་བཞུགས་སྲིད་པ་རེད། ཡིན་ནའང་། གསུང་འབྱོན་རྒྱུ་ཡོད་པ་མ་རེད་ཅེས་ངོས་ཀྱིས་ནམ་རྒྱུན་བཤད་ཀྱི་ཡོད།
འདིར་སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་ཀྱི་བསྟན་པ་གསུངས་ཀྱི་ཡོད་པ་རེད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་ངོ་མ་ནི་རྟོགས་པའི་བསྟན་པའི་ཐོག་ནས་ཡོང་དགོས་ཀྱི་ཡོད། དེ་ཡང་ལུང་གི་བསྟན་པ་སྡེ་སྣོད་གསུམ་ལས་གཙོ་བོ་མངོན་པའི་སྡེ་སྣོད་ཆགས་ཀྱི་འདུག ཚིག་ཤེས་པ་ཙམ་གྱིས་འགྲིག་གི་མེད། བསམ་བློའི་ནང་དུ་ཐོས་བྱུང་གི་ཤེས་རབ་ཀྱིས་གཞུང་ཆ་ཚང་ཤེས་པ་དེ་ཙམ་གྱིས་འགྲིག་གི་མེད། ཇི་ལྟར་ཐོས་པའི་དོན་ནི་རིགས་པ་བཞིས།། ཞེས་གསུངས་པ་ལྟར་དཔྱད་པ་བྱས་ནས་འབྲས་བུ་ལ་བསམ་བྱུང་གི་ཤེས་རབ་ཡོད་པའི་སྐབས་སུ་སེམས་གཏིང་ནས་ངེས་པ་ཐོབ་པ་ཞིག་དང་། དེ་ལྟ་བུའི་ངེས་པ་ཐོབ་པའི་དོན་ལ་ཡང་ནས་ཡང་དུ་འདྲིས་པར་བྱེད་པ་དང་། གོམས་པར་བྱས་པའི་ཐོག་ནས་བློ་ལ་འགྱུར་བ་ཐེབས་པ་ཞིག་དགོས། དེར་བརྟེན། ཐོག་མར་ཐོས་བྱུང་གི་ཤེས་རབ་ཀྱི་གོ་བ་ཞིག་གསན། བསམ་བྱུང་གི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་དཔྱད་ནས་སེམས་གཏིང་ནས་དེ་མ་གཏོགས་འགྲོ་ས་མེད་ཅེས་བློའི་གཏིང་ནས་ངེས་པ་ཐོབ་ཐུབ་པ་ཞིག་དགོས་པ་གལ་ཆེན་པོ་རེད། ངེས་པ་ཐོབ་མ་ཐུབ་པར་ཞེས་གསུངས་པའི་ཕྱིར་ཟེར་བ་ཡིན་ན་དེ་ཙམ་རེད། ལུང་ཙམ་ལ་སྐྱབས་སུ་འགྲོ་བ་རེད། ལུང་རྣམས་ཀྱིས་ང་ཚོ་ལ་བློ་གྲོས་ཀྱི་མིག་འབྱེད་ཀྱི་ཡོད་ཀྱང་། གཙོ་བོ་སོ་སོས་བསམ་བློ་བཏང་ནས་སེམས་གཏིང་ནས་ངེས་པ་ཐོབ་པར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་ནས་ཐོས་དོན་སྒྲུབ་ལ་གཞོལ་ནས་ཡང་ཡང་གོམས་པར་བྱས་པ་ཡིན་ན་རིམ་བཞིན་རྟོགས་པའི་བསྟན་པ་རྒྱས་ཐུབ་པ་ཞིག་ཡོང་གི་རེད།
ནམ་རྒྱུན་གྱི་བཤད་རྒྱུན་ལ་དྲང་ངེས་ལེགས་བཤད་སྙིང་པོ་ལ་ལྕགས་མདའ་ལྕགས་གཞུ་ཟེར་བ་སྔོན་མ་ཡོངས་འཛིན་རིན་པོ་ཆེས་གསུངས་ཀྱི་ཡོད། ལྕགས་མདའ་ལྕགས་གཞུ་ཟེར་བ་འདི་བཞིན་ལྕགས་ཀྱི་གཞུ་བཀུག་ཁག་པོ་ཡིན་པ་དང་། ཡིན་ནའང་། བཀུག་ནས་འཕེན་ཐུབ་ཚེ་ལྕགས་ཀྱི་མདའ་ཡིན་པས་ཤུགས་ཆེན་པོ་ཡིན་པའི་བཀའ་མོལ་རེད། མགོ་ནས་མཇུག་བར་དུ་ཚིག་འགྲེལ་ཐུབ་པ་ཙམ་དང་ཚིག་ནས་རྟགས་གསལ་ཁྱབ་གསུམ་གྱི་ཐོག་ནས་བཤད་རྒྱུ་ཡོད་པ་ཙམ་མ་ཡིན་པར། ལེགས་བཤད་སྙིང་པོའི་བརྗོད་བྱ་གཙོ་བོ་དེ་སྨད་ཆའི་དབུ་མ་བའི་སྐོར་དེ་རེད། ཅེས་དང་། དེ་སྔ་ཨ་རི་སོགས་སུ་ཐུགས་དམ་གྱི་སྐོར་ལ་ཞིབ་འཇུག་དེ་སྔ་ནས་བྱུང་ཡོད་ཀྱང་ཉེ་ཆར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནས་ཡིན་པའི་ཚན་རིག་པ་ཁག་དང་མཇལ་འཕྲད་སྐབས་སོག་ཡུལ་ལྟ་བུར་མཚོན་ན། ཕ་མེས་ནས་ནང་པའི་ལུང་པ་ཡིན་པ་སོགས་ལོ་རྒྱུས་དང་འབྲེལ་དེ་རང་ནས་ཞིབ་འཇུག་གི་སྡེ་ཚན་བཙུགས་པ་ཡིན་ན་ཡག་པོ་ཡོད་པ་སོགས་བཀའ་མོལ་བྱུང་སྐོར་ཐུགས་དྲན་གསོ་མཛད།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ།། ཞེས་པའི་སྐབས་སུ་འཁོར་ལོ་གསུམ་བསྟན་ཡོད་པ་དང་། དེ་ཡང་ཟབ་ཞི་ཞེས་པས་འཁོར་ལོ་དང་པོ་དང་། སྤྲོས་བྲལ་ཞེས་པས་འཁོར་ལོ་བར་པ། འོད་གསལ་འདུས་མ་བྱས་ཞེས་པས་འཁོར་ལོ་གསུམ་པ་བསྟན་ཡོད་པ་བཀའ་ཕེབས། གཞན་ཡང་། ནང་པའི་ཆོས་ལ་ཚན་རིག་གི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག ཆོས་ཀྱི་སྡེ་ཚན་བཅས་གསུམ་དུ་དབྱེ་བ་ཕྱེས་ཆོག་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཏན་ཏན་ཡོང་རྒྱུ་ཡིན་པའི་སྐོར་བཀའ་ཕེབས་པ་མ་ཟད། དེ་སྔ་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་པའི་མིང་དེ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ལས་བྱུང་བ་མ་ཡིན་པར་དབང་རྟུལ་དད་པའི་རྗེས་འབྲངས་བྱས་པ་ལས་བྱུང་བའི་སྐོར་དང་། ཆོས་དང་མ་འབྲེལ་བའི་སྤྱོད་བཟང་སོགས་ཀྱི་སྐོར་ལ་བཀའ་སློབ་རྒྱ་ཆེར་སྩལ་རྗེས་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འཛུགས་མཛད་ཡོད་པ་དང་། ཆུ་ཚོད་ ༡༢ ཡོལ་ཙམ་ལ་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཉིན་གུང་ལྗགས་སྨིན་མཛད་རྗེས་ཕྱིར་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས། །
སྐུ་པར་མཐུན་འགྱུར་དགའ་ལྡན་ཕོ་བྲང་།