ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་༸ཞབས་སོར་བདེ་འཁོད་མཛད་ཡོད།
དེ་ཡང་མཛད་འཆར་ལྟར་ན། ཕྱི་ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་ “ནང་པའི་གཞུང་ནས་གསུང་པའི་རྒྱུ་འབྲས་མན་ངག་བདུན་གྱི་ “བྱམས་པ་” སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༣ རེས་གཟའ་ཕུར་བུའི་ཉིན་གུ་རུ་ནཱ་ནག་མཐོ་སློབ་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་འབྲེལ་ཚན་པའི་གཏམ་བཤད་ལས་རིམ་ཐེངས་ ༡༡ ཐོག་ “ བྱམས་བརྩེ་དང་ཀུན་ཁྱབ་འགན་འཁུར་” ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ།
ཕྱི་ཚེས་ ༡༤ རེས་གཟའ་པ་སངས་ཉིན་རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་དུ་འཕྲུལ་རིག་དུས་སྟོན་མཛད་སྒོ་ཐེངས་ ༢༢ ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། དེ་ཡང་དུས་སྟོན་དེ་ཐོག་མར་ཕྱི་ལོ་ ༡༩༩༨ ལོར་གསར་གཏོད་གནང་སྐབས་ཚན་པ་གཅིག་གི་ངོ་བོ་ཙམ་མཚོན་ཡང་། ད་ཆ་དུས་སྟོན་དེ་བཞིན་གླིང་ཆེན་ཨེ་ཤེ་ཡའི་ནང་ཚན་རིག་དང་འཕྲུལ་རིག་གི་དུས་སྟོན་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་༸ཞབས་སོར་འཁོད་གནང་མཛད་པ་དེར་དགའ་བསུའི་འཚམས་འདྲི་ཞུ་སླད། ས་གནས་སུ་རྟེན་གཞི་བྱས་པའི་འཕགས་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་པར་རིས་འགྲེམས་སྟོན་ཞིག་དང་། གློག་བརྙན་ཁག་གཅིག་གཟིགས་འབུལ་ཞུ་རྒྱུ་མ་ཟད། བོད་ཀྱི་གསོ་བ་རིག་པའི་རིན་མེད་སྨན་སྤྲོད་དང་སྨན་པའི་བརྟག་དཔྱད་ཀྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་བཅས། །