༢༠༡༨ ཟླ་ ༡༢ ཚེས་ ༩ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཡེ་ཤུའི་མཐོ་སློབ་ St Stephen’s College’s དབུ་བརྙེས་པའི་དུས་དྲན་མཛད་སྒོའི་ཐོག་ཇི་ལྟར་སྔོན་ནས་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་དགེ་ལས་སློབ་མ་རྣམས་ལ་བླང་དོར་བཀའ་སློབ་སྩལ་དོན།
ངོས་རང་འདྲ་ཆགས་པོ་བྱ་རྒྱུར་དགའ་པོ་མེད། ང་ཚོ་ཐོག་མར་མ་ལས་སྐྱེ་སྐབས་དང་། མཐར་འཆི་འགྲོ་བའི་སྐབས་སུའང་འདྲ་ཆགས་པོ་བྱ་རྒྱུ་གང་ཡང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་རང་ཉིད་འཚོ་བའི་རིང་འདིར་ཡང་སྟབས་བདེ་པོ་ཞིག་ཐོག་ནས་འགྲོ་རྒྱུ་དེར་དགའ་པོ་ཡོད།
དེར་བརྟེན་ངོས་ཀྱིས་གཏམ་བཤད་འགོ་འཛུགས་སྐབས་སུའང་ཐོག་མར་མཛའ་ཞིང་བརྩེ་བའི་སྤུན་མཆེད་ཕོ་མོ་ཞེས་གུས་འདུད་ཀྱི་ལམ་ནས་འཚམས་འདྲི་ཞུ་རྒྱུ་ཡིན།
ཁྱེད་ཡེ་ཤུའི་ཆོས་པ་ཚོས་ཡིད་ཆེས་གནང་བ་ལྟར་ན། ང་ཚོ་ཚང་མ་དཀོན་མཆོག་གིས་བཟོས་པ་རེད། དེ་ལྟ་བུའི་བརྩེ་བའི་བདག་ཉིད་ཅན་གྱི་ཡབ་དེས་ང་ཚོ་ཚང་མ་བཟོས་པ་ཡིན་སྟབས་ང་ཚོ་ཚང་མ་སྤུན་མཆེད་ཕོ་མོ་ཆགས་ཡོད། དེར་བརྟེན་ང་ཚོ་ཕན་ཚུན་འཁོན་རྩོད་དང་། ཐ་ན་གསོད་རེས་གཏོང་བ་ཚུན་ཆད་བྱེད་བཞིན་པ་དེར་གཞི་རྩ་གང་ཡང་མེད་པ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་སྟབས་རང་ཉིད་འཚོ་བར་སྤྱི་ཚོགས་གཞན་ལ་བརྟེན་དགོས་པ་ཡིན། ལྷག་པར་དེང་སྐབས་ཀྱི་དཔལ་འབྱོར་ལམ་ལུགས་ལ་མཚོན་ན་གོ་ལ་གཅིག་གྱུར་གྱི་ལམ་ལུགས་སུ་བསྒྱུར་ཟིན་ཡིན་སྟབས་རྒྱལ་མཚམས་ཀྱི་སྐད་ཆ་ཤོད་རྒྱུ་ལྷག་མེད། ཕྱོགས་མཚུངས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་འོག་ང་ཚོ་ཚང་མར་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་ཡོད་པ་ནི་དཔེར་ན། བར་ལམ་ནས་ཀུན་གྱིས་མཐོང་ཆོས་ལྟར་རང་བྱུང་གོད་ཆགས་རིགས་ཇེ་མང་དུ་འགྲོ་བ་དང་། ལོ་རེ་བཞིན་དགུན་དུས་ཁ་བ་བབ་ཚད་ཇེ་ཉུང་དུ་འགྲོ་བཞིན་པ་རེད།
ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་གསུང་བཞིན་ཡོད་པ་གཅིག་མཚུངས་རེད། དེར་བརྟེན་ས་ཁུལ་ཁག་ཅིག་ནང་ཆོས་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་བཞིན་པ་དེ་དག་བསམ་ཡུལ་ལས་འདས་པའི་ཅོལ་ཆུང་གི་བྱེད་སྟངས་ཤིག་རེད།
ང་ཚོ་མི་ལ་ངོ་མཚར་ཅན་གྱི་ཀླད་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད། དེ་ལ་བརྟེན་ནས་སྐད་དང་ཡི་གེ་བཟོས་ཏེ་ཕན་ཚུན་གོ་བརྡ་སྤྲོད་རེས་བྱེད་ཐུབ་བཞིན་ཡོད། གོང་དུ་སློབ་སྤྱི་མཆོག་ནས་གསུང་པ་ལྟར། གཙུག་ལག་སློབ་ཁང་འདི་ཐོག་མར་གསར་འཛུགས་གནང་མཁན་དང་། བར་དུ་སློབ་སྤྱི་དང་དགེ་རྒན་རིམ་བྱོན་རྗེས་ཅན་རྣམས་ཀྱི་ལུས་པོ་དེ་རིང་འདིར་ང་ཚོ་དང་མཉམ་དུ་མེད། འོན་ཀྱང་ཁོང་རྣམས་ཀྱི་བྱས་རྗེས་དང་དཀའ་ལས་བརྒྱབ་པའི་འབྲས་བུ་མུ་མཐུད་ལོངས་སུ་སྤྱོད་བཞིན་ཡོད། དེར་བརྟེན་ང་ཚོས་ཁོང་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་དགོས། ངོས་ནས་ཀྱང་འདས་པོ་ཁོང་རྣམ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
གོང་དུ་བརྗོད་པ་ལྟར་ང་ཚོ་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་ཀྱང་ལས་བཟང་ངན་གང་བྱེད་མིན་ཐག་གཅོད་བྱ་རྒྱུ་དེ་གཙོ་བོ་ཀུན་སློང་ལ་རག་ལས་ཡོད། དཔེར་ན་རྡུལ་ཕྲན་གྱི་ནུས་ཤུགས་བསྐྲུན་ཐུབ་པ་དེ་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་རེད། འོན་ཀྱང་རྡུལ་ཕྲན་མཚོན་ཆ་བཟོས་ནས་ནུས་ཤུགས་དེས་མི་ཧ་ཅང་མང་པོ་སྡེབ་གསོད་བྱ་རྒྱུ་དེ་ནི་ཧ་ཅང་བློ་ཕམ་ཞིག་རེད། གཅན་གཟན་སྟག་དང་སེངྒེ་སོགས་ཀྱང་ཕྱིའི་རྣམ་པར་ཁྲོ་གཏུམ་ལྡན་ཡང་བཟས་ཙམ་གྱི་དོན་དུ་རི་དྭགས་གཞན་བསད་པ་མ་གཏོགས་ང་ཚོ་མི་ལྟར་མཚོན་ཆར་བརྟེན་ནས་མི་ཧ་ཅང་མང་པོ་སྡེབ་གསོད་བྱེད་ཀྱི་མེད། དེ་ནི་མི་ཁོ་ནས་མ་གཏོགས་གཅན་གཟན་གྱིས་བྱེད་ཐུབ་ཀྱི་མ་རེད།
དེ་རིང་འདིར་མི་རབས་གཞོན་པ་ཚོ་མ་འོངས་པའི་མི་རབས་ཡིན་སྟབས། རྙོག་གྲ་དང་མི་མཐུན་པ་ཕྲན་བུ་བྱུང་མ་ཐག་འཚེ་བ་དང་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་རྩ་མེད་བཟོ་ཐུབ་རྒྱུ་རེད་བསམ་པའི་བསམ་བློ་དེ་ནི་དུས་རབས་ ༢༠ རྗེས་ལུས་ཀྱི་བསམ་བློ་ཡིན་སྟབས་ངེས་པར་དོར་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། མཛད་སྒོ་གྲོལ་མཚམས་སྐུ་པར་ལྷན་སྒྲོན་མཛད། སྤྱིར་མཐོ་སློབ་དེ་དབུ་བརྙེས་ནས་ད་བར་ལོ་ ༡༣༧ ཕྱིན་འདུག་པ་བཅས།།