ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༩ འཁོར་བའི་དུས་དྲན་མཛད་སྒོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པྲ་དིབ་ཏམ་ཏ་ Shri Pradeep Tamta མཆོག་དང་། དམིགས་བསལ་སྐུ་མགྲོན་ Andrea Papus Ngombet Malewa,President,Global Coordinator Collective Sassoufit Congolese Human Right Group མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། བོད་མི་མང་སྤྱི་འཐུས་རྣམ་པ། དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ཕྱི་ནང་གི་གསར་འགོད་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་གྲུབ་མཚམས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ཞབས་ལོ་ ༢༥ ལོན་པའི་ལས་བྱེད་རྣམས་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཟེངས་བསྟོད་ལེགས་སྐྱེས་གནང་གྲུབ་བསྟུན།
རྡ་ཤོད་བོད་ཁྱིམ་སློབ་གྲྭ་ནས་རྐྱང་གཞས་རྩ་བའི་བླ་མ་ཞེས་པ་གཟིགས་འབུལ་ཞུས།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བསྟུན། ཡོངས་གླིང་བོད་གྲྭའི་སློབ་མ་རྣམས་ནས་འཛམ་གླིང་སྐྱིད་པོ་ཞེས་པའི་འཁྲབ་སྟོན་གནང་རྗེས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུ་བ་ལུགས་མཐུན་བགྲེས་ཡོལ་དང་།
བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་སྲི་ཞུའི་ལས་བྱེད་ལ་ལེགས་སོའི་ཕྱག་འཁྱེར་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་ཅན་འབུལ་སྲོལ་ཡོད་པ་ལྟར། འདི་ལོ་བགྲེས་ཡོལ་བ་ཉི་མ་དགྲ་འདུལ་ལགས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱག་འཁྱེར་གནང་།
དེ་ནས་ཤེས་རབ་དགའ་ཚལ་སློབ་གླིང་ནས་མཆོད་ཆང་ཀོང་གཞས་ཞེས་པ་འཁྲབ་སྟོན་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་ཕྱི་ལོ་ ༢༠༡༨ ལོའི་དབྱར་སྐྱིད་འོད་སྡེར་སི་ཌི་དཔལ་ལྡན་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་མཆོག་གིས་དབུ་འབྱེད་གནང་།
དེ་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སིངྒ་ Ajai Singh ལགས་ཀྱིས་གསུང་བཤད་གནང་གྲུབ་བསྟུན་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭའི་ལས་བྱེད་རྣམས་ནས་སྟོད་དིང་རིའི་འཁྲབ་གཞས་ཕུ་ཡི་གནས་ཆེན་རོང་ཕུ་ཞེས་པ་འཁྲབ་སྟོན་ཞུས།
དེ་རྗེས་དམིགས་བསལ་སྐུ་མགྲོན་ Andrea Papus Ngombet Malewa མཆོག་གིས་གསུང་བཤད་གནང་རྗེས་རྡ་སྟེང་བོད་ཁྱིམ་གྱི་ལས་བྱེད་ནས་ཕུ་ཡི་བསམ་གླིང་དགོན་པ་ཞེས་པ་འཁྲབ་སྟོན་ཞུས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་རྗེས་རྡ་ཤོད་དཔེ་སྟོན་སློབ་གྲྭའི་སློབ་མ་རྣམས་ནས་གངས་སྟོད་ཕྱོགས་ནས་ཡོང་ཡོད་ཅེས་པ་འཁྲབ་སྟོན་ཞུས་པ་དང་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པྲ་དིབ་ཏམ་ཏ་ Shri Pradeep Tamta མཆོག་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་མདོ་སྨད་སྤངས་ལྗོངས་ཀྱི་གླུ་གར་ཞེས་པ་གཟིགས་འབུལ་གནང་རྗེས་གཞུང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །