ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣ ཉིན་ནས་བཟུང་རྒྱ་གར་བྱང་ཕྱོགས་སམ་ཀི་སའམ་སངས་རྒྱས་ལྷ་ལས་བབས་པའི་གནས་ཞེས་ནང་པའི་གནས་མཆོག་ཏུ་རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༥ ཉིན་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཉིན་མཐའ་མའི་སྐབས་བཀའ་སློབ་བསྩལ་དོན། ངོས་ཀྱིས་ཚན་རིག་པ་ངོ་ཤེས་པ་ཚོ་དང་མཉམ་སྐད་ཆ་བཤད་དུས་དེ་སྔ་ཡིན་ན་རྟེན་འབྱུང་ཟེར་བ་དེ་སྐད་ཆ་བཤད་མཁན་ཡོད་པ་མ་རེད། རིམ་པས་ནང་པའི་ལྟ་གྲུབ་དེ་འདྲའི་ཐོག་ནས་རྒྱུས་ཡོད་ཆགས་ཡོང་དུས་རྟེན་འབྱུང་ཟེར་བ་དེ་ཚན་རིག་པའི་ཁྲོད་དུའང་གལ་ཆེན་པོ་ཆགས་པ་རེད། ཅེས་གསུང་གི་འདུག ང་རང་ཚོ་ཚང་མ་བདེ་སྐྱིད་འདོད་མཁན་ཤ་སྟག་རེད།
སྤྱོད་འཇུག་ལས། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །ཞེས་པ་ལྟར་ཡག་པོ་བྱས་ནས་བསམ་བློ་གཏང་ན་དེ་ཏན་ཏན་རེད་འདུག རང་གི་མཐར་ཐུག་གི་བདེ་སྐྱིད་དེ་བསྒྲུབ་པར་གཞན་ལ་བརྩེ་བ་སྤྲོད་དགོས་པ་དེ་ཧ་ཅང་གསལ་པོ་རེད། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། ། ཅེས་གསུང་པ་དེ་རེད་འདུག
བལྟོས་གྲུབ་བམ་རྟེན་འབྱུང་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་བརྩེ་བ་དགོས་པ་ཏག་ཏག་སླེབ་ཡོང་གི་འདུག སྤྱོད་འཇུག་ལེགས་བཤད་ཕུལ་དུ་བྱུང་བའམ་གདམས་ངག་གི་རྒྱལ་པོའི་གཞུང་འདིའི་ཞལ་ལུང་གྲོལ་བ་རེད། དེ་རིང་འདིར་དཔེ་ཆ་དཔར་བརྒྱབ་ནས་ཡོད། སྤྱོད་འཇུག་གི་དཔེ་ཆ་རྒྱུན་དུ་ཁྱེར་ནས་ཡང་ཡང་བལྟས་པ་ཡིན་ན་ཏན་ཏན་སེམས་ལ་ཕན་གྱི་རེད། དཔེ་ཆ་འདི་ང་ཚོར་སློབ་སྟོན་བྱེད་མཁན་གྱི་དཔེ་ཆ་ཞིག་ཆགས་ཡོད། དེ་བཞིན་དཔེ་ཆ་འདི་ང་ཚོའི་དགེ་རྒན་ཡང་རེད། སངས་རྒྱས་བཅོམ་ལྡན་འདས་སྐུ་ངོ་མ་མཇལ་བ་ཡིན་ནའང་། འདི་མ་གཏོགས་གསུང་རྒྱུ་མེད། ཀླུ་སྒྲུབ་ཡབ་སྲས་མཇལ་བ་ཡིན་ནའང་འདི་མ་གཏོགས་གསུང་རྒྱུ་མེད། དེར་བརྟེན་དཔེ་ཆ་འདི་ང་ཚོའི་སྟོན་པ་དང་སློབ་སྟོན་པ་ཆགས་ཡོད།
ཁྱེད་རང་ཚོས་དཔེ་ཆ་འདི་དང་མ་བྲལ་བ་བྱས་ནས་ཡག་པོ་ལྟོས་ཨང་། ཤེས་སོང་ངམ། ང་ཚོ་མ་འོངས་པར་ཐུག་རྒྱུའི་གོ་སྐབས་བྱུང་བ་ཡིན་ན། དེ་དུས་ངོས་ཀྱིས་དཔེ་ཆ་འདི་རྙིང་པ་ཆགས་འདུག་གམ་གསར་པ་བྱས་ནས་བསྡད་འདུག་བལྟ་ཡི་ཡིན། ཤེས་སོང་ངམ། དཔེ་ཆ་རྙིང་པ་ཆགས་ཡོད་ན། ངོས་ནས་འགྲིག་འདུག་ཟེར་གྱི་རེད། དཔེ་ཆ་གསར་པ་བྱས་ནས་བསྡད་ཡོད་ན། འོ་ད་གང་ཤེས་ཟེར་རྒྱུ་རེད། ཅེས་ཞལ་ཤོབ་དང་འབྲེལ་བཀའ་སློབ་སྩལ་ཏེ་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་ལེགས་པར་མཇུག་སྒྲིལ་ཡོད། ། ༼སྐུ་པར་མཐུན་འགྱུར་དགའ་ལྡན་ལྡན་ཕོ་བྲང་ཡིག་ཚང་། ༽