ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་སན་ཀི་སའམ་ལྷ་བབས་ཀྱི་གནས་ཞེས་པའི་ནང་པའི་གནས་ཆེན་དུ། རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་ཉིན་གཉིས་པ་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན། ཁ་སང་ནང་ཆོས་ངོ་སྤྲོད་དང་འབྲེལ་སྤྱི་བཤད་ཞུ་རྒྱུ་དེ་དག་ཞུས་པ་རེད། དེ་རིང་སྤྱོད་འཇུག་གི་ལུང་ཚར་གྱི་མ་རེད་ལ་དགོས་ཀྱི་ཡང་མ་རེད། བཅོམ་ལྡན་འདས་ཀྱིས་གསུང་ཆོས་གནང་བ་རྣམས་ཕྱིས་སུ་གླེགས་བམ་ནང་བྲིས་ནས་བཅོམ་ལྡན་འདས་རང་གི་དྲུང་ནས་ལུང་གི་རྒྱུན་དང་བཤད་པའི་རྒྱུན་བཅས་ཕལ་ཆེར་མེད། གང་ལྟར་ཁ་སང་ཞུས་པ་ནང་བཞིན་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་འདི་བདག་ཉིད་བདག་གི་མགོན་གསུང་གི་ཡོད་རེད། སོ་སོའི་བདེ་སྡུག་འདི་སོ་སོ་རང་ལ་རག་ལུས་ཡོད། དེ་ཡང་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གཙོ་བོ་སེམས་འདུལ་དགོས་པ་རེད།
སེམས་རྒྱུད་དུལ་ནས་ཞི་ཞིང་དུལ་བ་ཞིག་དགོས། སེམས་རྒྱུད་དུལ་ལུགས་ལ་རིམ་པ་མི་འདྲ་བ་མང་པོ་ཞིག་ཡོང་གི་རེད། ཚེ་འདིའི་རྣམ་གཞག་རྟོགས་པ་དང་། ཕྱི་མའི་རྣམ་གཞག་རྟོགས་པ། ཐར་པ་དོན་གཉེར་གྱི་བློ་སྐྱེ་རྒྱུ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བློ་སྐྱེ་རྒྱུ་བཅས་རིམ་པ་ཧ་ཅང་མང་པོ་ཡོད། འོན་ཀྱང་མདོ་དོན་སྙིང་པོ་ནི་སེམས་ཞི་བདེ་ཡོད་མཁན་ཞི་ཞིང་དུལ་བ་ཞིག་དགོས། འཚེ་བ་ཟེར་རྒྱུ་འདི་སེམས་མ་དུལ་བའི་དབང་གིས་འཚེ་བ་ཡོང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། སེམས་ཞི་དུལ་ཡོད་ན་འཚེ་བ་ཡོང་གི་མ་རེད། དེར་བརྟེན་རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་གསུང་པ་རེད། སེམས་རྒྱུད་དུལ་བ་ཞིག་དགོས་རྒྱུ་ནི་ཆོས་ཕྱོགས་ཀྱི་སྐད་ཆ་ཁོ་ན་མ་རེད།
གང་ལྟར་འཛམ་གླིང་འདིའི་སྟེང་མིས་བཟོས་པའི་སྡུག་བསྔལ་མང་པོ་ཞིག་ཡོད་པའི་ནང་སེམས་རྒྱུད་ལ་དོ་སྣང་བྱས་ནས་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཁ་སང་ཞུས་པ་ནང་བཞིན་ཆོས་ལུགས་ཚང་མས་བྱམས་བརྩེ་དང་བཟོད་པ་གསུང་གི་ཡོད་པ་ལྟར་སངས་རྒྱས་པའི་ཆོས་ཀྱི་ཀྱང་སེམས་རྒྱུད་དུལ་དགོས་རེད་ཅེས་དེ་ལྟར་གསུང་གི་འདུག དེ་རིང་སྐབས་སུ་བབ་པ་ནི་སྤྱོད་འཇུག་གི་གཞུང་འདི་སེམས་རྒྱུད་དུལ་ཐབས་སྟོན་པའི་གཞུང་ཕལ་ཆེར་གལ་ཆེ་ཤོས་ཤིག་རེད་འདུག དཔེར་ན་ངོས་ལ་ཆ་བཞག་ན། ཕྱི་ལོ་ ༡༩༦༧ ལོར་སྤྱོད་འཇུག་གི་བཤད་ལུང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་སྐུ་མདུན་ནས་ཞུས་པ་རེད། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་མཇལ་ནས་དད་པ་རང་དབང་མེད་པ་སྐྱེས་ནས་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། དེ་ནས་སྤྱོད་འཇུག་ལ་སོགས་པ་མང་པོ་ཞིག་ཞུས་ཡོད།
ཕྱི་ལོ་ ༡༩༦༧ ལོར་སྤྱོད་འཇུག་གི་བཤད་ལུང་ཞུས་ནས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རང་ཉིད་ཀྱིས་ངོས་ལ་སྤྱོད་འཇུག་འདི་ཡང་ཡང་ཁྲིད་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད། ཅེས་བཀའ་གནང་མྱོང་། སྤྱོད་འཇུག་གི་བཤད་ལུང་འདི་བར་སྐབས་དབུས་གཙང་ཁུལ་ལ་དཀོན་པོ་ལྟ་བུ་ཆགས་འདུག ངོས་ཀྱིས་སྤྱོད་འཇུག་གི་བཤད་ལུང་ཐེངས་མང་པོ་བཏོན་པ་ཡིན། དེ་དང་ཆབས་ཅིག་ངོས་ཀྱིས་སྤྱོད་འཇུག་གི་དཔེ་ཆ་དེ་ནམ་རྒྱུན་འཁྲིས་སུ་ཉར་ནས་དུས་དུས་ལ་མར་ཀློག་ནས་བསམ་བློ་བཏང་། གང་ལྟར་སྤྱོད་འཇུག་གི་གཞུང་དང་དབུ་མ་རྩ་བ་ཤེས་རབ་གཉིས་ངོས་ཀྱི་དུས་དུས་ལ་བལྟ་རྒྱུའི་དཔེ་ཆ་གལ་ཆེ་ཤོས་གཉིས་ཆགས་ཡོད།
སྤྱོད་འཇུག་གི་བྱང་ཆུབ་སེམས་སྐོར་བཤད་ཀྱི་འདུག ཧ་ཅང་ཕན་པོ་འདུག དབུ་མ་རྩ་བ་ཤེས་རབ་ཀྱི་དབུ་མའི་ལྟ་བ་སྐོར་གསུང་གི་ཡོད་རེད། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པའི་ནང་ནས་གཙོ་ཆེ་བ་ལྟ་བུ་དེ་གཉིས་ཡིན་པ་དངོས་གནས་དྲང་གནས་ངོས་འཛིན་བྱེད་ཐུབ་རྒྱུ་བཟོ་འདྲ་བོ་རེད། སྤྱིར་པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་ཧ་ལས་པ་རེད། དེའི་ནང་ནས་ཡང་ལྕི་བཀྱག་པ་ཡིན་ན་རྩ་བ་ཤེས་རབ་དང་སྤྱོད་འཇུག་གཉིས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག
རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་གསུང་དུས་ཆོས་གང་དུ་ཡིན་ནའང་ཚང་མས་ཆོས་བྱེད་དང་མ་བྱེད་ཟེར་རྒྱུ་ནི། རང་རང་གི་ཆོས་ཚུལ་གྱི་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་རྒྱུ་མཚན་དུ་བཀོད་ནས་སོ་སོའི་སེམས་བྱམས་བརྩེ་ལྡན་པ་བྱ་རྒྱུ་ཆོས་ལུགས་ཚང་མའི་དགོས་པ་དང་དམིགས་ཡུལ་རེད། ཆོས་ཟེར་དུས་ལྷ་ཁང་ནང་ཕྱིན་ནས་སྨོན་ལམ་བརྒྱག་རྒྱུ་བཟོ་འདྲ་བོ་དེ་དག་ཆོས་ཀྱི་ཡན་ལག་ལྟ་བུ་རེད། གཙོ་བོ་སེམས་རྒྱུད་དུལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག
སངས་རྒྱས་པའི་ཆོས་པ་ཡིན་ནའང་འདྲ། གཅེར་བུ་བ་ལ་སོགས་པའི་མུ་སྟེགས་པའི་ཆོས་བརྒྱུད་འདྲ་མིན་མང་པོ་ཡོད་རེད། ཚང་མས་སེམས་རྒྱུད་ལ་ཕྲན་བུ་དོ་སྣང་བྱས་ནས་རང་གི་ཤེས་རྒྱུད་ཕྲན་བུ་ཞི་ཞིང་དུལ་བ་ཡོང་ཐབས་དང་། དེ་བཞིན་ཡི་ཤུ་དང་ཁ་ཆེ། ཇིའུ་ཆོས་པ་སོགས་ཆོས་ལུགས་མི་འདྲ་བའི་རྗེས་འབྲང་པ་ཚོ་སོ་སོའི་ལྷ་ཁང་ལ་དུས་དུས་སུ་སྨོན་ལམ་བརྒྱབ་པ་ཁོ་ན་མིན་པར་དུས་རྒྱུན་དུ་སེམས་ལ་བྱ་ར་བྱས་ནས་སེམས་བཟང་པོ་དང་ཞི་དུལ་བྱས་པ་ཡིན་ན། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཀྱི་ཆོས་དེ་ཆོས་སུ་སོང་བ་བྱུང་བ་རེད། གཞན་དཔེར་ན་ནང་པར་ཆ་བཞག་ནའང་། གཞུང་མང་པོ་བཤད་རྒྱུ་ཡོད་མཁན་ཡིན་ནའང་སེམས་མ་དུལ་ན་ཆོས་སུ་མ་སོང་བ་རེད། ཆོས་ཉོན་མོངས་ཅན་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་རེད། སེམས་རྒྱུད་དུལ་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་བཀའ་སློབ་སྩལ།།
༼སྐུ་པར་མཐུན་འགྱུར་དགའ་ལྡན་ལྡན་ཕོ་བྲང་ཡིག་ཚང་། ༽