ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །བྱང་ཨ་རིའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ལོ་འཁོར་མའི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་བཀའ་དྲིན་རྗེས་དྲན་དང་སྦྲགས་གསུང་འཕྲིན་སྩལ་བ་གཤམ་གསལ།
འདིར་དངོས་སུ་འདུས་པའི་ཆོས་གྲོགས་རྣམ་པ་ཚོ་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པར་དད་མོས་ཡོད་མཁན་ཚང་མར་ཐོག་མར་ངོས་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན། པཎ་ཆེན་རིན་པོ་ཆེ་པཎ་ཆེན་བློ་བཟང་ཆོས་རྒྱན་སྐབས་ནས་བཟུང་དམིགས་བསལ་གྱིས་བསྟན་པའི་ཐུགས་ཁུར་བཞེས་མཁན་ཞིག་རེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསང་བ་འདུས་པ་གཙོ་བོར་གྱུར་བའི་བདེ་གསང་གི་ཆོས་སྐོར་དང་། གཞུང་ཆེན་གྱི་བཤད་པ་དེ་ཚོའི་མན་ངག་རྣམས་ཚུར་བསྡུས་པ་ཞིག་དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བླ་མཆོད་བདེ་སྟོང་དབྱེར་མེད་མ། དེ་དང་འབྲེལ་བའི་ལམ་རིམ་གྱི་གཞུང་དེ་འདྲ་མང་པོ་ཞིག་དབེན་ས་གཉེན་བརྒྱུད་བྱས་ནས་རྒྱལ་བ་དབེན་ས་པ་ནས་མར་བརྒྱུད་པ་གཅིག དེ་ནས་རྗེ་བརྩུན་ཤེས་རབ་སེངྒེ་ནས་མར་བརྒྱུད་པའི་སྲས་རྒྱུད་ཀྱི་བརྒྱུད་པ་གཅིག་བྱས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་བསམ་གྱིས་མི་ཁྱབ་པའི་མཛད་རྗེས་ཆེན་པོ་དེ་འདྲ་ཞིག་རེད།
དེ་ནས་པཎ་ཆེན་བློ་བཟང་ཡེ་ཤེས། པཎ་ཆེན་དཔལ་ལྡན་ཡེ་ཤེས། དེ་ནས་མར་སྐུ་ཕྲེང་རིམ་བྱོན་གྱིས་དངོས་གནས་སྤྱི་སྒོས་ཀྱི་བསྟན་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པའི་ཞབས་འདེགས་ཁྱད་དུ་འཕགས་པ་བསྒྲུབས་པ་གནང་བ་དེ་འདྲ་རེད། པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མར་མཚོན་ན་ཕྱི་ཚུལ་དུ་༸སྐུ་མདུན་སྐུ་གོང་མ་དང་ཏོག་ཙམ་མི་བདེ་བ་ལྟ་བུ་ཡོད་ཀྱང་ནང་རྟག་ཏུ་བླ་སློབ་ཀྱི་དམ་ཚིག་ཐུན་མོང་མིན་པ་ཡོད་པ་དེ་འདྲ་རེད་འདུག པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་མྱ་ངན་ལས་འདས་ནས་ད་ལྟ་སྤྱིར་ངོས་དང་ཕ་ཡུལ་གཅིག་པ་རེད། གང་ལྟར་ང་ཚོ་དང་མི་ཐོག་གཅིག་པའི་པཎ་ཆེན་རིན་པོ་ཆེར་མཚོན་ན་དུས་ཚོད་ཁག་པོ་དེའི་སྐབས་སུ་དངོས་གནས་དྲང་གནས་ཐུགས་སྟོབས། ལྷག་བསམ་འཕྱུག་པ་མེད་པ་ཞིག སྐུ་གཉེལ་པོ་ཧ་ཅང་བྱུང་བ་རེད། འོན་ཀྱང་གོ་སྐབས་ནམ་ཡོད་ལ་ཐུགས་ཞེན་འདོར་བ་མེད་པའི་སྒོ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་བོད་གངས་ཅན་གྱི་བདེ་སྐྱིད། བདེ་སྡུག་ཐོག་ལ་རིན་པོ་ཆེས་ཐུགས་ཁུར་ཧ་ཅང་བཞེས་པ་རེད། རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པ་དེ་དངོས་གནས་ང་ཚོ་བོད་པ་ཚོས་བསོད་ནམས་ཀྱིས་མ་འཆུན་པ་ལྟ་བུ་བྱུང་སོང་།
ང་ཚོ་འདིར་རྒྱ་གར་ནང་བཙན་བྱོལ་དུ་བསྡད། པཎ་ཆེན་རིན་པོ་ཆེ་བོད་ནང་དུ་ལོ་གང་ཙམ་ཞིག་བཞུགས་ཐུབ་པ་བྱུང་ན་ཏན་ཏན་ཕན་ཐོགས་ཡོང་ཐུབ་པ་ཞིག་རེད། འོན་ཀྱང་སྤྱི་པའི་བསོད་ནམས་ཀྱིས་མ་འདང་བ་ཟེར་ནའང་འདྲ་རྐྱེན་ངན་དེ་འདྲ་ཞིག་བྱུང་བ་རེད། པཎ་ཆེན་ཡང་སྲིད་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་ངོས་འཛིན་བྱས་པའི་པཎ་ཆེན་གཅིག་ཡོད་རེད། ངོས་ཀྱིས་འདི་ནས་མོ་བརྒྱབ། བརྟག་དཔྱད་ནན་ཏན་བྱས་ནས་གཏན་འཁེལ་བའི་པཎ་ཆེན་ཡང་སྲིད་གཅིག་ཡོད། སྤྱིར་འཇམ་དབྱངས་མཁྱེན་རྩེ་དབང་པོ་ལ་ཡང་སྲིད་སྐུའི་སྤྲུལ་པ། གསུང་གི་སྤྲུལ་པ། ཐུགས་ཀྱི་སྤྲུལ་པ། འཕྲིན་ལས་ཀྱི་སྤྲུལ་པ། ཡོན་ཏན་གྱི་སྤྲུལ་པ་བྱས་ནས་ཡང་སྲིད་ལྔ་དེ་འདྲ་བྱུང་བའི་ལོ་རྒྱུས་ཡོད། དེར་བརྟེན་སྐྱེས་བུ་དམ་པ་དེ་འདྲའི་ཡང་སྲིད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་འདྲ་ཏན་ཏན་ཡོང་སྲིད་པ་རེད། སྔ་མོ་ཀརྨ་པའི་ཡང་སྲིད་མི་འདྲ་བ་ཡོང་བའི་སྐབས་དེར་ངོས་ཀྱི་མཐོང་ཚུལ་འདི་རང་ཡིན། ཞེས་སྐབས་དེར་དེ་འདྲ་བཤད་པ་ཡིན།
འོན་ཀྱང་ནང་ཁུངས་ནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བྱས་ན་འགྲིག་པ་མི་འདུག ཅེས་ཤོད་མཁན་བྱུང་། སྟབས་མི་འདེ་བ་དེ་འདྲ་བྱུང་བ་རེད། གང་ཡིན་མིན་ལ་མ་ལྟོས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པའི་ཞབས་འདེབས་སྒྲུབ་ཐུབ་མཁན་སྐྱེས་བུ་དམ་པ་ཞིག་གང་ནས་བྱུང་ཡང་འགྲིག་པ་རེད། ངོས་ཀྱིས་རྟག་ཏུ་སྨོན་ལམ་དེ་འདྲ་རྒྱག་བཞིན་ཡོད། འདི་རང་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།