ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཟླ་འདིའི་ཕྱི་ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསོ་བ་རིག་པ་ཡར་རྒྱས་དང་། སྲུང་སྐྱོབ་དང་འབྲེལ་བའི་ཚོགས་འདུ་གྲུབ་མཚམས་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Shri Kiren Rijiju) མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤནཏཱ་ཀུ་མཱར་ Shanta Kumar མཆོགˌརྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་མི་སུ་ལེ་ཁ་ཏ་ཡི་ཀུམ་བྷ་རི་Sulekhatai Kumbhare མཆོག་སོགས་དང་མཇལ་འཕྲད་གནང་སྟེ་བོད་ཀྱི་གསོ་བ་རིག་པ་དེ་བཞིན་གནའ་ནས་ཕྱི་ལོ་ ༡༩༥༠ ནང་བར་བོད་ནང་དར་ཁྱབ་བྱུང་ཚུལ་སོགས་ཀྱི་སྐོར་སྤྱི་དང་། ལྷག་པར་ཕྱི་ལོ་ ༡༩༦༡ ནས་བཟུང་བཞུགས་སྒར་རྡ་ས་རུ་གསོ་བ་རིག་པ་སླར་གསོ་དང་། རྒྱ་བསྐྱེད། ལག་ལེན་གནང་བཞིན་ཡོད་པའི་སྐོར་གསུང་བ་མ་ཟད། རྡ་ས་དབུས་སྨན་རྩིས་ཁང་དང་། ཝར་ཎ་མཐོ་སློབ། ལ་དྭགས་མཚན་ཉིད་སློབ་གྲྭ། ལྕགས་པོ་རིའི་དྲན་རྟེན་བོད་ཀྱི་གསོ་རིག་མཐོ་སློབ་ཁང་། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་བཅས་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་གཞུང་ལུགས་སློབ་གཉེར་ཁང་ཁག་ལྔའི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད།
རྒྱ་གར་དབུས་གཞུང་གི་ཨཱ་ཡུ་ཤའི་སྨན་པའི་ལྷན་ཚོགས་ལས་ཁུངས་ནས་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དེ་བཞིན་རྒྱ་གར་དབུས་གཞུང་གི་ཨཱ་ཡུ་ཤའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ངོ་བཞེས་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་གནང་བ་དང་འབྲེལ། གསོ་བ་རིག་པའི་སློབ་སྦྱོང་གི་ཁྱབ་ཚད་དང་གསོ་བ་རིག་པ་བརྒྱུད་འགྲོ་བ་མིའི་ནད་གཞི་བཅོས་ཐབས་ཇི་ལྟར་གནང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
སྐབས་དེར་བཀའ་བློན་མཆོག་དང་ལྷན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་བློ་བཟང་བསྟན་འཛིན་ལགས་དང་། དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ལགས། དཔལ་གཤེན་བསྟན་སྨན་རི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་འགན་འཛིན་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་སོགས་ལྷན་བཅར་ཞུས་ཡོད་པ་བཅས།།