ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། སང་ཉིན་ཕྱི་ཚེས་ ༢༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་དབུ་འཛུགས་མཛད་རྒྱུ་ཡིན་སྟབས་འཇམ་དབྱངས་ཆོས་སྐོར་དགེ་བཤེས་བློ་བཟང་གྲགས་པ་ལགས་སུ་བཅར་འདྲི་ཞུས་པ་འདིར་བཀོད་གཤམ་གསལ།
བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་ལགས་ནི་ད་ལྟ་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དུ་དཔེ་ཁྲིད་དགེ་རྒན་དང་། མི་མང་ནང་ཆོས་དོན་གཉེར་བ་ནང་ཆོས་ངོ་སྤྲོད་གནང་བཞིན་ཡོད།
དྲི་བ། དགེ་བཤེས་ལགས་ཀྱིས་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྐོར་ངོ་སྤྲོད་གནང་དོན།
སང་ཉིན་ནས་བཟུང་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་བཀའ་ཆོས་སྩལ་གནང་མཛད་རྒྱུ་རེད། འཇམ་དབྱངས་ཆོས་སྐོར་ཞེས་པ་དེ་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ནས་རྗེ་བཙུན་འཇམ་པའི་དབྱངས་བརྒྱུད་པའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་ལྟ་བུ་ཆགས་ཡོད། སང་ཉིན་སྩལ་རྒྱུའི་བཀའ་དབང་དེར་སྔོན་འགྲོ་ལྟ་བུ་དབང་ཆེ་བ་ཞིག་འགྲོ་དགོས་པར་བརྟེན། ཁ་སང་༸གོང་ས་༸སྐྱསབ་མགོན་ཆེན་པོ་མཆོག་གིས་འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་བཀའ་དྲིན་སྩལ་བ་རེད། འཇམ་དབྱངས་ཆོས་སྐོར་ནི་ཁ་སང་རྩ་བའི་བླ་མས་བཀའ་སློབ་སྩལ་བ་ལྟར་རེད། ཤེས་རབ་བསྒྲུབ་པར་བྱིན་རླབས་ཁྱད་པར་ཅན་ཞིག་ཡོད། དེ་ལ་ཤེས་རབ་ཆེ་བ། ཟབ་པ། མྱུར་བ་སོགས་ཤེས་རབ་འཕེལ་བར་ཁྱད་པར་ཧ་ཅང་ཡོད་པ་ཞིག་རེད། འཇམ་དབྱངས་ཆོས་སྐོར་ལ་དབང་རྗེས་གནང་གི་ཁག་ཁ་ཤས་ཡོད་པ་རེད། ཉམས་ལེན་གྱི་རིམ་པར་སོ་སོས་བླ་མ་ལྷའི་རྣལ་འབྱོར་གཟུངས་སྔགས་བསག་རྒྱུ་ཡོད། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་རྒྱུ་རེད། དེ་སྔོན་གསལ་བསྒྲགས་ལྟར་ན། དམིགས་བརྩེ་མའི་མཚམས་ལ་བཞུགས་དགོས་པ་གསུངས་ཡོད། འོན་ཀྱང་༸སྐུ་མདུན་ནས་ཐུགས་བརྩེ་ཆེན་པོའི་སྒོ་ནས་མི་མང་གི་དགའ་ལྡན་ལྷ་བརྒྱ་མ་བསྐྱོར་བ་དང་སྦྲགས་དམིགས་བརྩེ་མ་ཕྲེང་སྐོར་རེ་བགྲང་ན་འཐུས་སྐོར་བཀའ་སློབ་ཕེབས་ཡོད། སང་ཉིན་༸སྐུ་མདུན་ནས་བསྐྱར་དུ་བཀའ་སྩལ་གནང་མཛད་རྒྱུ་རེད། དེར་བརྟེན་གནས་ཁྱད་པར་ཅན་འདི་ནས་སོ་སོས་འཇམ་དབྱངས་ཆོས་སྐོར་ཞུ་ཐུབ་ན་ཕན་ཡོན་ཆེ་བ་ཡོད། གལ་ཏེ་རང་ཉིད་ནས་དམིགས་བརྩེ་མ་བགྲང་རྒྱུ་དང་མཚམས་ལ་སྡོད་ཐུབ་ས་མ་རེད་བསམས་པ་ཡིན་ན། བྱིན་རླབས་ཀྱི་ཚུལ་དུ་བཀའ་ཆོས་ཞུ་བ་མ་གཏོགས། ཁས་ལེན་དམ་བཅའ་དེ་དག་འགལ་བ་དང་ཉམས་ཆག་བྱུང་ཚེ་ཉེས་པ་བསག་རྒྱུ་རེད། དེ་འདྲ་མ་ཡོང་བ་ཞིག་ངེས་པར་གནང་དགོས་པ་རེད་བསམ་གྱི་འདུག ཅེས་གསུངས། །