ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ལོ་ལྔའི་གོང་དུ་ཁོ་བོས་སློབ་མའི་དུས་ཀྱི་དྲན་ཐོ་ཐུང་ངུ་ཞིག་སྤེལ་བ་ཡིན། དེ་ཡང་སྤྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༣༠ ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་པའི་སློབ་ཕྲུག་ཚོས་ལྷ་ས་གྲོང་ཁྱེར་ནང་རང་འགུལ་གྱིས་རྔམ་སྟོན་ཁྲོམ་སྐོར་བྱས་པའི་བརྒྱུད་རིམ་དེ་ཡིན། རྩོམ་ཡིག་ནང་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང་དང་། ནུབ་བྱང་མི་རིགས་སློབ་གླིང་གི་བོད་ཕྲུག་སློབ་ཆེན་སློབ་མ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་སྐོར་འཁོད་པ་ཙམ་ལས་འབྲེལ་ཡོད་ཡིག་ཆ་མ་ཐོབ་སྟབས་ཞིབ་ཕྲ་བཀོད་ཐུབ་མེད།
དུས་ཚོད་ནི་ཉི་འོད་ཀྱི་མདའ་མོ་བཞིན་སྐད་ཅིག་ཙམ་ལ་མི་ལོ་ ༣༠ ཐམ་པ་ལོ་རྒྱུས་ཀྱི་ཆུ་མོའི་གཞུང་ནང་རྒྱུགས། ཡིན་ན་ཡང་གངས་ལྗོངས་ས་མཐོའི་དཔའ་སྟོབས་རྒྱས་པའི་ན་གཞོན་ཤེས་ཡོན་ཅན་ཚོའི་ངར་སྐད་སྒྲོག་པ་དྲན་གསོ་བྱ་རིན་འོས་སྟབས། འདིར་གུས་པའི་སྔར་ཡོད་རྩོམ་ཐུང་ལ་ཁ་སྣོན་དང་། མཇུག་ཏུ་སྐབས་དེའི་པེ་ཅིང་མི་རིགས་སློབ་གླིང་དང་། ནུབ་བྱང་མི་རིགས་སློབ་གླིང་གི་བོད་པའི་སློབ་ཆེན་སློབ་མ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་པའི་གནས་ཚུལ་འགའ་ཤས་ཁ་གསབ་ཞུ་རྒྱུ་ཡིན།
སྤྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༣༠ ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་དང་། བོད་སྨན་ཚན་ཁག་གི་སློབ་ཕྲུག་ཡོངས་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་སྤེལ་ཞིང་། གཙོ་བོའི་རེ་འདུན་ནི་ཁྲིམས་ཐོག་གཏན་ལ་ཕབ་ཟིན་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ཁག་གཞུང་ཕྱོགས་ཀྱིས་དོན་འཁྱོལ་ལག་ལེན་བསྟར་དགོས་པ་དེ་ཡིན། སློབ་ཕྲུག་གི་ཁྲོམ་སྐོར་ནི་སྒྲིག་འཛུགས་ཡོད་ལ། སྒྲིག་ལམ་ལྡན་ཞིང་། འཚེ་མེད་ཞི་བའི་སྙིང་དོན་རྩ་བར་བཟུང་སྟེ་དུས་ཡུན་རིང་པོར་སེམས་ཁོངས་རུས་པའི་གཏིང་ནང་སྦས་པའི་དཀའ་སྡུག་རྣམས་ཕྱིར་བསྒྲགས་བྱ་ཕྱིར་སྙིང་སྟོབས་ཞུམ་མེད་ཀྱིས་ལས་འགུལ་སྤེལ༌བ་རེད།
སློབ་ཕྲུག་རྣམས་ཀྱིས་ལག་ཏུ་ཕྲེད་དར་འཕྱར་ཞིང་། སྐད་གསང་མཐོན་པོས་འབོད་ཚིག་སྒྲོག་པ་དང་། ལམ་བར་ཤོག་བྱང་ཐོག་བྲིས་པའི་བོད་རྒྱའི་འབོད་ཚིག་ཁག་འགྲེམ་སྤེལ་བྱས། སློབ་མའི་དུས་སྐབས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་འཛིན་ཁང་གི་ཁྲ་ཡོལ་བཏུབ་ནས་ལག་བྲིས་ཀྱི་འབོད་ཚིག་སྦྱར་ཏེ་ཕྲེད་དར་བཟོས་པ་དང་། ཤོག་བྱང་གི་འབོད་ཚིག་ཁག་ནི་ཤོག་བུའི་བར་གསེབ་ཏུ་སྣག་ཤོག་བཅུག་སྟེ་ལག་བྲིས་བྱས་པ་ཁོ་ན་ཡིན། གྲལ༌སྒྲིག་པའི་རུ་སྟར་གྱི་མགོ་མཇུག་ལ་སློབ་ཕྲུག་བུ་རྣམས་དང་། རུ་སྒྲིག་གི་དཀྱིལ་དུ་བུ་མོ་རྣམས་གོ་སྒྲིག་ཞུས། རྒྱུ་མཚན་ནི། ཅི་སྟེ་ལམ་བར་དུ་ཉེན་རྟོག་པའི་རྡུང་རྡེག་ཕོགས་ཚེ་སློབ་ཕྲུག་བུ་ཚོས་བུ་མོ་རྣམས་སྲུང་སྐྱོབ་ཀྱི་སླད་དུ་ཡིན་པ་རེད། ཁྲོམ་སྐོར་བྱེད་པའི་སྐབས་སུ་བོད་མིའི་རྒྱབ་སྐྱོར་ཐོབ་སྟེ་རུ་སྒྲིག་ཁོངས་སུ་འཛུལ་ཞུགས་བྱེད་སྐབས། སློབ་ཕྲུག་གི་སྒྲིག་འཛུགས་འགན་ཁུར་བས་མང་ཚོགས་རྣམས་ཁྲོམ་སྐོར་གྱི་རུ་སྒྲིག་ནང་མཉམ་ཞུགས་བྱེད་མ་བཅུག གང་ལགས་ཤེ་ན། དེ་ནི་སློབ་ཕྲུག་ཁོ་ནའི་ལས་འགུལ་ཞིག་མཚོན་པ་དང་། དེའི་མཇུག་འབྲས་དཀའ་ངལ་ཇི་འདྲ་ཞིག་བྱུང་རུང་སློབ་ཕྲུག་རང་ངོས་ནས་འགན་ཁུར་ལེན་རྒྱུའི་ཆོད་སེམས་བརྟན་པོ་བཅངས་པ་མངོན་པར་བྱས། སློབ་ཕྲུག་གིས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ལམ་བར་བོད་མི་ཚོས་ལག་གི་མཐེ་བོང་བཀེར་ནས་མངོན་གསལ་མེད་པའི་རྒྱབ་སྐྱོར་བྱེད་མཁན་འདུག་ལ། ལག་གཉིས་ཐལ་མོ་རྡེབ་སྟེ་མངོན་སུམ་གྱི་གཟེངས་བསྟོད་བྱེད་མཁན་ཡང་མཐོང་རྒྱུ་འདུག ལྷག་དོན་བཙུན་མ་འགའ་ཞིག་ལ་གཡོ་འགུལ་ཚད་མེད་ཐེབས་ཏེ་འགྲོ་ལམ་ཐོག་ནས་ཐད་ཀར་ཁྲོམ་སྐོར་གྱི་རུ་སྟར་ཕྱོགས་སུ་ལུས་ཕུང་གི་ཕྱག་འཚལ་བྱེད་མཁན་བྱུང་ཡོད༌པ་མ་ཟད། རྒན་རབས་མང་པོ་ཞིག་ལ་སེམས་སྡུག་གིས་མནར་ཏེ་ང་ཚོའི་བུ་ཕྲུག་ཚོ་ལ་ཉེས་རྡུང་ཕོགས་ཀྱི་མ་རེད་དམ། ང་ཚོའི་སློབ་མ་དེ་ཚོ་འཛིན་བཟུང་བྱེད་ཀྱི་མ་རེད་དམ་ཞེས་པའི་ངུ་འབོད་ཀྱི་སྐད་གསང་ཡང་ཐོས་རྒྱུ་འདུག
ཁྲོམ་སྐོར་དེའི་སྔ་རོལ་དུ། སློབ་ཕྲུག་ཚོའི་རྣ་བར་པེ་ཅིང་མི་རིགས་སློབ་གླིང་གི་བོད་ཕྲུག་སློབ་མ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་པའི་གནས་ཚུལ་གོ་ཐོས་དང་། ཐད་ཀར་སློབ་ཕྲུག་ཁག་གཅིག་ལ་ཡི་གེ་འབྱོར་བ་སོགས་བྱུང་ནས་སློབ་གྲྭའི་ནང་དེའི་སྐོར་ལ་ལྐོག་ཏུ་གླེང་སློང་མང་པོ་བྱུང་བ་རེད།
གཞན་ཡང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཚན་པ་ཡོངས་ལོ་ལྟར་གླུ་གར་གྱི་འགྲན་བསྡུར་བྱེད་སྲོལ་ཡོད་པ་ལྟར། ༡༩༨༨ ལོ་མཇུག་གི་འགྲན་བསྡུར་སྐབས། བོད་སྨན་ཚན་ཁག་ ༩༡ ལོར་ཐོན་མཁན་གྱི་འཛིན་གྲྭའི་སློབ་མ་ཚོའི་མཉམ་གཞས་ནི་“དབྱངས་ཀྱི་གངས་རི་དཀར་པོ་”ཞེས་པ་དེ་ཡིན་པ་དང་། ཁོང་ཚོའི་མཉམ་གཞས་གླུ་དབྱངས་ཀྱི་གདངས་དང་འཁྲབ་རྩལ་སོགས་གང་ཅིར་སྒྱུ་རྩལ་གྱི་ཉམས་སྒེག་འབུར་ཐོན་བྱུང་བ་ཚོགས་ཁང་ནང་དགའ་སྤྲོའི་ཐལ་མོ་བརྡབས་པའི་སྒྲས་ཁེངས་ཤིང་། ཕལ་ཆེ་བས་བྱ་དགའ་ཨང་དང་པོ་ཐོབ་རྒྱུར་ཡིད་ཆེས་བྱས། འོན་ཀྱང་གླུ་གར་གྱི་གཞས་ཚིག་ནང་“ནམ་མཁའི་བླ་མ་དཀོན་མཆོག་”ཅེས་པའི་ཚིག་འདི་དབྱངས་སུ་གྱེར་སྐབས་སློབ་ཕྲུག་ཚོས་མགོ་བོའི་ཞྭ་མོ་ཕུད་ནས་གུས་འདུད་ཞུས་པའི་རྐྱེན་གྱིས་སློབ་གྲྭའི་མཐའ་མའི་ཐག་གཅོད་ནི་རྒྱ་ཡིག་ཚན་པའི་འཛིན་གྲྭ་ཞིག་གིས་གུང་ཁྲན་ཏང་ལ་བསྟོད་དབྱངས་ལེན་པ་དེར་བྱ་དགའ་ཨང་དང་པོ་སྤྲད་པ་རེད། སློབ་གྲྭའི་ཕྱོགས་ནས་མཉམ་གཞས་ཀྱི་སྒྱུ་རྩལ་ལ་མ་བལྟས་པར། ཆབ་སྲིད་ཁོ་ནར་དམིགས་ཏེ་ནམ་མཁའི་བླ་མ་དཀོན་མཆོག་ཅེས་པ་འདི་སྐབས་དེ་དུས་བོད་ནང་༧རྒྱལ་བ་བསྟན་འཛིན་རྒྱ་མཚོར་ངོས་འཛིན་ཞུ་གི་ཡོད་པས་རེད། སློབ་གྲྭའི་ཐག་གཅོད་ལ་བོད་ཕྲུག་སློབ་མ་ཚོ་སེམས་ཁོང་རུས་པའི་གཏིང་ནས་ཡི་མ་རངས་པ་བྱུང་ཡང་རེ་ཞིག་བྱ་ཐབས་བྲལ་བར་གྱུར།
དེ་བཞིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གི་ཁྲོམ་སྐོར་དེའི་བདུན་ཕྲག་གཅིག་ཙམ་གྱི་སྔ་རོལ་དུ། སློབ་གྲྭའི་ནང་རྒྱ་བོད་དབར་ཐོབ་ཐང་འདྲ་མཉམ་མེད་པའི་གནས་ཚུལ་ཞིག་ལྷགས་ཏེ། བོད་ཕྲུག་རྣམས་ཀྱིས་སློབ་གྲྭའི་བྱེད་སྟངས་ལ་ཡིད་མ་རངས་བའི་རང་མོས་ཀྱི་ངོ་རྒོལ་འདུ་འཛོམས་ཤིག་བྱས་པ་རེད། དོན་རྐྱེན་དེའི་འབྱུང་གཞི་ནི། སློབ་གྲྭའི་ཉལ་ཁང་གི་ཐོག་རྩེགས་ཁང་ཆེན་གཅིག་ནང་བོད་ཡིག་ཚན་ཁག་གི་བོད་པའི་སློབ་ཕྲུག་དང་རྒྱའི་སློབ་ཕྲུག་མཉམ་དུ་སྡོད་ཀྱི་ཡོད་ཅིང་། རྗེས་སོར་ཉལ་ཁང་གསར་པ་ཞིག་བསྐྲུན་ཟིན་པ་དེའི་ནང་དུ་དེ་སྔ་ངེད་ཚོ་བོད་པའི་སློབ་ཕྲུག་དང་མཉམ་དུ་ཡོད་པའི་རྒྱའི་སློབ་ཕྲུག་རྣམས་ལ་བགོ་འགྲེམས་བྱས་ཤིང་། རྒྱའི་སློབ་ཕྲུག་ཚོ་ཉལ་ཁང་གསར་པའི་ནང་གནས་སྤོ་ཟིན་པའི་ཉིན་མོ་དེའི་དགོང་དྲོར་སློབ་གྲྭའི་ཚོགས་ཁང་ནང་གློག་བརྙན་ཞིག་སྟོན་པ་གྲོལ་རྗེས། སློབ་ཕྲུག་ཚོ་རང་རང་གི་ཉལ་ཁང་ཕྱོགས་སུ་ལོག་འགྲོ་སྐབས། རྒྱུན་གཏན་ལྟར་ཉལ་ཁང་གི་གློག་བཞུའི་འོད་ཁྲ་ལམ་མེར་འཆར་ཡོད་ཀྱང་། ངེད་ཚོ་བོད་ཡིག་ཚན་ཁག་སློབ་ཕྲུག་བུའི་ཉལ་ཁང་ནི་ནག་ཐིམ་མེར་གནས། དེའི་དུས་སུ་སློབ་ཕྲུག་ཚོའི་སེམས་ཁམས་སུ་ཁོང་ཁྲོ་མེ་ལྟར་འབར་ཞིང་། མངོན་གསལ་དོད་པོས་རྒྱ་བོད་དབར་འདྲ་མཉམ་མེད་པའི་ཚོར་ཤུགས་དེར་ཡིད་གདུང་དྲག་པོས་མནར་ཡང་བྱ་ཐབས་གཞན་ཅི་ཡང་མེད་པས། ཉལ་ཁང་ཕྱི་རོལ་གྱི་རྒྱ་ལམ་ཐོག་སློབ་ཕྲུག་ཚོ་འཛོམས་ནས་རང་གིས་རང་ལ་སེམས་གསོ་བྱ་རྒྱུ་གཅིག་རང་ཡོད་པ་དེ་ནི། སློབ་ཕྲུག་རང་ངོས་ནས་གཞས་ཚིག་གསར་རྩོམ་ཡོད་པ་སྟེ། “གནམ་ལ་གནམ་གྲུ་འཕུར་གྱིས། །གསེར་གྱི་གནམ་གྲུ་འཕུར་གྱིས། །གསེར་གྱི་གནམ་གྲུའི་ནང་ལ། །ཡིད་བཞིན་ནོར་བུ་བཞུགས་བཞག །”སོགས་ཀྱི་བསྟོད་གླུ་འདི་སྐད་གདངས་ཆུང་ངུ་དང་། རིམ་པས་བློ་ཁོག་སླེབས་ཏེ་མཐར་སྐད་གསང་མཐོན་པོས་དབྱངས་སུ་གྱེར་ནས་སྐྱབས་གནས་ལ་གསོལ་འདེབས་བྱེད་པའི་དུས་སུ། བོད་ཡིག་ཚན་ཁག་གི་སློབ་ཕྲུག་བུ་མོ་ཚོ་དང་། བོད་སྨན་ཚན་ཁག་གི་སློབ་མ་བཅས་མཉམ་དུ་རྒྱབ་སྐྱོར་བྱེད་པར་འཛོམས་པ་དེའི་ཐོག་ནས་སློབ་ཕྲུག་རྣམས་ཀྱི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་གསལ་པོར་མངོན། སྐབས་དེ་དུས་སློབ་སྤྱིས་སློབ་མ་ཚོ་ཐུགས་འཕྲད་དང་ཕན་ཚུན་ཤོད་རེས་ཀྱང་བྱུང་། དེ་ནི་སློབ་གྲྭའི་ནང་ཐེངས་དང་པོར་སློབ་མ་རྣམས་རང་བཞིན་གྱིས་འདུ་འཛོམས་བྱུང་བའི་ས་བོན་དེ་བཏབ།
གཞན་ཡང་། བོད་ལྗོངས་སློབ་ཆེན་ ༩༡ ལོར་ཐོན་མཁན་བོད་ཡིག་ཚན་ཁག་གི་སློབ་མ་བློ་བཟང་བསྟན་འཛིན་ལགས༌རྒྱ་དམག་བསད་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་མནར་གཅོད་བཏང་ཡོད་པ་དང་། དེ་བཞིན་སྤྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དེར་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་དུ་མི་དམངས་ཀྱི་ཞི་བའི་ངོ་རྒོལ་སྐད་འབོད་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བོད་མི་དམར་གསོད་བཏང་བ་དེར་མི་འདོད་པའི་རྣམ་འགྱུར། ལྷག་དོན་སྤྱི་ཚོགས་ཐོག་ནས་བོད་ལྗོངས་སློབ་ཆེན་གྱི་སློབ་མར་རེ་ལྟོས། སྐབས་དོན་སློབ་གྲྭའི་ནང་བོད་ཕྲུག་སློབ་མ་ཚོའི་རྡོག་རྩ་ཆིག་སྒྲིལ་གྱི་རྣམ་པ་གསལ་པོར་མངོན་ཐུབ་པ། མིག་སྔར་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག འཁོར་ཡུག་སོགས་ཆགས་འཇིག་གི་དུས་སྐབས་གཉན་འཕྲང་ཅན་དེ་འདྲའི་དུས་སུ། གཞོན་སྐྱེས་ཤེས་ཡོན་ཅན་ཚོར་དམིགས་བསལ་དུས་སྐབས་ཀྱི་འོས་འགན་ཞིག་ཡོད་པ་འཚོར་ཤུགས་དྲག་པོ་བྱུང་སྟེ། ནང་ཁུལ་ཆེས་གསང་བ་དམ་པོའི་གོ་བསྡུར་དང་ཁྲོམ་སྐོར་གྱི་ལས་འཆར་ཞིབ་ཅིང་ཕྲ་བའི་གྲ་སྒྲིག་གི་ལས་གཞི་ཁག་བརྩམས་པ་རེད།
སྤྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༣༠ རེས་གཟའ་པ་སངས་ཉིན། སྔ་དྲོ་རྒྱུན་གཏན་བཞིན་འཛིན་ཁང་དུ་སློབ་གཉེར་དང་། གུང་ཚིགས་གྲུབ་མཚམས་སློབ་མ་རྣམས་ཀྱིས་འཆར་ཅན་གཟའ་མཇུག་གི་སློབ་གྲྭའི་འཁོར་ཡུག་གད་བདར་སྔོན་ཚུད་ནས་གྲུབ་པར་བྱས་ཏེ། སློབ་གྲྭའི་རྒྱལ་སྒོ་ཁག་གསུམ་ཡོད་པ་ནས་ རིམ་པས་ཕྱི་རོལ་དུ་ཐོན། ཕྱི་དྲོ་ཆུ་ཚོད་གཉིས་པའི་ཐོག་ཁྲོམ་སྐོར་སྣེ་འཁྲིད་བྱེད་མཁན་ནས་སྐད་བརྡ་སྒྲོག་མ་ཐག སློབ་གྲྭའི་ཕྱི་སྒོའི་གཡས་གཡོན་དུ་འགྲམ་པའི་སློབ་མ་རྣམས་དེ་མ་ཉིད་དུ་གཞུང་ལམ་ཐོག་འཛོམས༌རྗེས། གྲལ་སྟར་སྒྲིག་པའི་རྔམ་སྟོན་ཁྲོམ་སྐོར་དངོས་སུ་འགོ་འཛུགས་ཞུས།
ཁྲོམ་སྐོར་ནང་བོད་ཡིག་ཚན་ཁག་དང་། བོད་སྨན་ཚན་ཁག་གི་སློབ་ཕྲུག་ཡོངས་རྫོགས་ཐོག ཚན་པ་གཞན་(སྐྱེ་དངོས་སྡེ་ཚན་དང་། ས་ཁམས་སྡེ་ཚན། དབྱིན་ཡིག་སྡེ་ཚན། སྒྱུ་རྩལ་ཚན་ཁག་བཅས་ནས་སློབ་མ་རེ།)ནས་བོད་པའི་སློབ་ཕྲུག་རེ་ཟུང་བཅས་ཁྱོན་སློབ་ཕྲུག་ལྔ་བརྒྱ་སྐོར་མཉམ་ཞུགས་བྱས་ཡོད། བོད་ཡིག་ཚན་ཁག་ཁོངས་སུ་ ༡༩༨༩ལོར་ཐོན་མཁན་འཛིན་གྲྭ་གསུམ་དང་། ༡༩༩༠ལོར་ཐོན་འཛིན་གྲྭ་གཅིག(སློབ་ཕྲུག་གཅིག་སྨན་ཁང་དུ་ནད་དགོངས།) ༡༩༩༡ལོར་ཐོན་འཛིན་གྲྭ་གཉིས་དང་། ༡༩༩༡ལོར་ཐོན་ཟབ་སྦྱོང་འཛིན་གྲྭ་གཅིག དེ་བཞིན་བོད་སྨན་ཚན་ཁག་ནས་ ༡༩༩༡ དང་ ༡༩༩༣ལོར་ཐོན་མཁན་འཛིན་གྲྭ་གཉིས་བཅས་ཡོད།
སློབ་ཕྲུག་གི་གཙོ་བོའི་རེ་འདུན་ནི། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་གཞི་ནང་གསལ་ལྟར། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་། སྐད་དང་ཡི་གེ་དོན་དམ་པར་སྲིད་བྱུས་དོན་འཁྱོལ་དང་འགན་སྲུང་ཐུབ་པ་དེ་ཡིན། སྐབས་དེའི་འབོད་ཚིག་གི་ནང་དོན་གཙོ་བོ་ནི།
བོད་སྤྱི་ཡོངས་ལ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་རྒྱུ་ཁ་བཤད་དོན་འཁྱོལ་དགོས་པ།
བོད་མི་དམངས་ཀྱི་ཡུལ་སྲོལ་གཤིས་ལུགས་ལ་བརྩི་འཇོག་དགོས་པ།
མང་ཚོགས་ཀྱི་ཁྲོམ་སྐོར་ལ་མཚོན་ཆས་དྲག་གནོན་བྱེད་མི་ཆོག་པ།
འཛམ་གླིང་ཞི་བདེ་སྲུང་སྐྱོབ་དགོས་པ་སོགས་ཡིན།
སློབ་ཕྲུག་ཚོས་ངག་ནས་སྐད་གསང་མཐོན་པོས་གོང་གསལ་འབོད་ཚིག་ཁག་སྒྲོག་ཅིང་། ལམ་བར་མི་མང་ལ་བོད་རྒྱ་ཡིག་རིགས་གཉིས་ཐོག་“ད་རེས་ཀྱི་ཁྲོམ་སྐོར་དམིགས་ཡུལ་ནི་བོད་སྤྱི་ཡོངས་ལ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་རྒྱུ་ཁ་བཤད་དོན་འཁྱོལ་དགོས་པ་དང་། བོད་མི་དམངས་ཀྱི་ཡུལ་སྲོལ་གཤིས་ལུགས་ལ་བརྩི་འཇོག་དགོས་པ། མང་ཚོགས་ཀྱི་ཁྲོམ་སྐོར་ལ་མཚོན་ཆས་དྲག་གནོན་བྱེད་མི་ཆོག་པ་བཅས་ཀྱི་འཛམ་གླིང་ཞི་བདེ་སྲུང་སྐྱོབ་དགོས་པ་ནི་ཚང་མའི་འོས་འགན་ཡིན་པས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་རབ་དང་རིམ་པའི་རྒྱབ་སྐྱོར་གནང་རོགས་ཞུ།”ཞེས་ལག་བྲིས་ཀྱི་ཤོག་བྱང་འགྲེམས་སྤེལ་བྱས།
སློབ་མ་ཚོར་སྔོན་ཚུད་ནས་སེམས་ནང་གྲ་སྒྲིག་བརྟན་པོ་ཡོད་པ་ནི། ཁྲོམ་སྐོར་བྱས་པའི་དབང་གིས་འཛིན་བཟུང་དང་། ཉེས་རྡུང་ཕོགས་པ། སློབ་གྲྭ་ནས་ཕྱིར་འབུད་སོགས་མཇུག་འབྲས་ངན་པ་ཅི་ཡང་ཡོང་སྲིད་པས། སློབ་ཕྲུག་ཡོངས་ཀྱིས་མནའ་གན་སྔོན་དུ་བཞག་པ་སྟེ། ཁྲོམ་སྐོར་སྐབས་སྣེ་འཁྲིད་བྱེད་མཁན་གྱི་ལམ་སྟོན་ལྟར་འགྲོ་དགོས་པ་དང་། སྐབས༌འདིའི་སློབ་ཕྲུག་གི་ལས་འགུལ་ནི་སློབ་མ་ཡོངས་ཀྱིས་གོ་བསྡུར་ཐག་གཅོད་བྱས་པ་ཞིག་ཡིན་པས། མཇུག་འབྲས་གང་འདྲ་ཞིག་བྱུང་རུང་སློབ་མ་ཡོངས་ཀྱིས་མཉམ་དུ་འགན་ལེན་བྱ་རྒྱུ༌མ་ཟད། ཅི་སྟེ་སློབ་ཕྲུག་གཅིག་འཛིན་བཟུང་བྱས་པའམ། སློབ་གྲྭ་ནས་ཕྱིར་འབུད་བྱས་ཚེ། སློབ་མ་ཡོངས་ནས་སློབ་མཚམས་བཞག་སྟེ་སློབ་ཕྲུག་གང་དེ་ཕྱིར་སྤྲོད་དང་། ལུགས་མཐུན་གྱི་ཐག་གཅོད་མ་བྱུང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་མོས་མཐུན་ཆོད་སེམས་བརྟན་པོ་བཞག ཁྲོམ་སྐོར་ཉིན་སློབ་ཕྲུག་ཚོས་ལུས་ལ་གྱོན་ཆས་མཐུག་པོ་གྱོན་ཡོད་པ་དང་། ཨམ་ཕྲག་ནང་ཀྲིང་མོག་སོགས་བཅུག་ཡོད་པ་རེད། འཛིན་བཟུང་བྱས་ཚེ་བཀག་ཉར་ཁང་ནང་ཉལ་ཆས་དང་ཟ་མ་སོགས་ཉིན་འགའ་ཤས་ཐོབ་རྒྱུར་དཀའ་ངལ་ཡོད་པ་དེ་སེལ་ཆེད་ཡིན་པ་རེད།
ན་གཞོན་སློབ་མའི་རྔམ་སྟོན་ཁྲོམ་སྐོར་གྱི་གོམ་སྟབས་ལྷ་སའི་གཞུང་ལམ་ཐོག་ནས་བསྐྱོད་ཅིང་། དེ་འབྲེལ་མི་མང་ཡང་གཅིག་མཇུག་གཉིས་མཐུད་ཀྱིས་ཁྲོམ་སྐོར་ཕྱོགས་སུ་ཤར་མར་རྒྱབ་སྐྱོར་བྱེད་པར་རྒྱུགས༌ཡོང་། དུས་དེའི་ཚེ་ན། ཉེན་རྟོག་མི་སྣ་ཡང་ཁྲོམ་སྐོར་གྱི་རྗེས་སུ་བསྙེགས་ཟིན་ཏེ་མི་མང་རྣམས་རུ་སྒྲིག་དང་ཐག་ཉེར་བཅར་མ་བཅུག་པ་དང་། ཕྱི་རྒྱལ་མི་སྣའི་དཔར་ལེན་བཀག་སྡོམ༌བྱས་ཤིང་། ཁྲོམ་སྐོར་གྱི་གོམ་བགྲོད་གཞུང་ལམ་ཐོག་དལ་ལྷོད་དུ་སྡོད་མ་འཇུག་པར། ཉེན་རྟོག་པས་འགྲོ་ལམ་བཤངས་ཏེ་ཤར་མར་མདུན་སྐྱོད་བྱེད་དུ་བཅུག དེ་ནི་སློབ་ཕྲུག་གི་ཁྲོམ་སྐོར་གང་མགྱོགས་མཇུག་སྒྲིལ་རྒྱུའི་ཆེད་ཡིན་ཞིང་། མི་ཚོགས་ཆེ་བའི་གཞུང་ལམ་བརྒྱུད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་ལས་ཁུངས་ཀྱི་སྒོ་ཆེན་མདུན་སླེབས་མཚམས། ཁྲོམ་སྐོར་མདུན་དུ་བསྐྱོད་མཚམས་བཞག་སྟེ་སྲིད་གཞུང་གིས་སློབ་མའི་རེ་འབོད་ཤེས་རྟོག་ཆེད་སྐད་གསང་མཐོན་པོས་འབོད་ཚིག་སྒྲོག་པའི་སྐབས། དྲག་ཆས་ཉེན་རྟོག་དམག་ཕྱིར་ཐོན་ནས་སྲིད་གཞུང་གི་ལྕགས་སྒོ་ཆེན་པོ་དེ་བརྒྱབ་སོང་བ་དང་། སློབ་ཕྲུག་གི་ཁྲོམ་སྐོར་མཉམ་དུ་ཡོང་མཁན་མི་མང་ཚོས་ལག་རྡོ་འགའ་ཤས་གཡུག་སོང་བས་ཕན་ཚུན་འཁྲུག་རྫིང་མི་ཡོང་ཆེད་ཁྲོམ་སྐོར་མུ་མཐུད་ཤར་བསྐྱོད་བྱས། གྲལ་སྟར་རིང་བའི་སློབ་ཕྲུག་གི་རུ་སྟར་གྱི་གཡས་གཡོན་དང་མཇུག་ཏུ་མི་མང་བརྒྱ་ཕྲག་མང་པོ་མཉམ་དུ་རྒྱབ་སྐྱོར་བྱེད་པར་འབྱོར་ཡོད། དེ་འདྲའི་ངང་ལྷ་སའི་གྲོང་ཁྱེར་ཆ་ཚང་ཞིག་བསྐོར་ཟིན་རྗེས། སློབ་ཕྲུག་རྣམས་བོད་ལྗོངས་སློབ་ཆེན་གྱི་སྒོ་ཆེན་ནང་འཛུལ་བ་དང་། ཉེན་རྟོག་པས་སློབ་གྲྭའི་ལྕགས་སྒོ་བརྒྱབ༌སྟེ་ཕྱི་ནང་འགྲོ་བསྐྱོད་བཀག་སྡོམ་བྱས། མི་མང་ཚོ་ཡང་སློབ་གྲྭའི་ཕྱི་རོལ་དུ་ལྷགས། སློབ་ཕྲུག་རྣམས་ནས་སློབ་གྲྭའི་ཁང་ཆེན་ལ་མུ་མཐུད་སྐད་འབོད་དང་སྦྲགས་གོམ་བགྲོད་ཐེངས་གསུམ་བསྐོར་ཏེ་རྔམ་སྟོན་ཁྲོམ་སྐོར་རེ་ཞིག་མཇུག་སྒྲིལ།
དེ་ཉིན། གཞུང་ཕྱོགས་དང་སློབ་གྲྭའི་ཕྱོགས་ནས་རྣམ་འགྱུར་ཅི་ཡང་བཏོན་མེད་ཅིང་། སྤྱི་ལོའི་ལོ་གསར་ཚར་རྗེས་འཆར་ཅན་སློབ་ཚན་འགོ་འཛུགས་སྐབས་ཀྱང་། གཞུང་ཕྱོགས་ནས་ལངས་ཕྱོགས་ཀྱི་རྣམ་པ་གང་ཡང་གསལ་སྟོན་མེད་པར། སློབ་ཕྲུག་ཚོའི་འབོད་སྐུལ་རྒྱ་མཚོར་རྡོ་གཡུག་གི་གནས་སུ་ལྷུང་བར་བརྟེན། སློབ་མ་རྣམས་ཀྱིས་རང་འགུལ་ངང་ཞུ་འབོད་བྱེད་དོན། སློབ་གྲྭའི་འགན་འཛིན་དང་འབྲེལ་ཡོད་སྲིད་གཞུང་གི་འགོ་བྱེད་མཉམ་དུ་སློབ་ཕྲུག་གི་འཐུས་མི་ཐུགས་འཕྲད་དང་ཕན་ཚུན་བགྲོ་གླེང་བྱ་རྒྱུ་དང་། དུས་མཚུངས་གསར་འགྱུར་ལས་རིགས་ཀྱང་འཛུལ་ཞུགས་ཆོག་པའི་རེ་འདུན་ལ། སློབ་གྲྭའི་འགན་འཛིན་དང་མཉམ་དུ་ནང་ཁུལ་ཐུགས་འཕྲད་བྱ་རྒྱུ་མོས་མཐུན་བྱུང་ཡང་གསར་འགོད་པ་དང་ཕྱི་མི་མཉམ་ཞུགས་ལ་མོས་མཐུན་མ་ཐོབ། མཐའ་མར་སློབ་གྲྭ་ནས་འཕྲལ་མར་དགུན་དུས་ཀྱི་གུང་སེང་སྔ་བསྣུར་གྱིས་བཏང་སྟེ་ཕྱོགས་མཐའི་ས་ཁུལ་ཁག་གི་སློབ་མ་རྣམས་རང་རང་གི་ཁྱིམ་ཚང་དུ་ཕྱིར་ལོག་དང་། དགུན་དུས་ཟླ་བ་གཉིས་མ་ཟིན་ཙམ་གྱི་གུང་སེང་རྫོགས་ནས་སློབ་མ་རྣམས་བསྐྱར་དུ་སློབ་གྲྭར་འབྱོར་སྐབས། སློབ་གྲྭ་ནས་སྔོན་ཚུད་གཏིང་ཟབ་པའི་འཆར་གཞི་བཀོད་སྒྲིག་ཟིན་པ་ལྟར། ༡༩༨༩ ལོར་ཐོན་མཁན་འཛིན་གྲྭ་ཁག་གི་སྔོན་སྦྱོང་དུས་ཚོད་སླར་ཡང་སྔ་བསྣུར་བྱས་ཏེ་སློབ་མ་རྣམས་ལྷ་ས་གྲོང་ཁྱེར་ནས་འགྱངས་ཐག་ཆོད་པའི་ས་གནས་འདྲ་མིན་དུ་ཁ་བཀྲམས། སྔོན་སྦྱོང་མཇུག་སྒྲིལ་བ་དང་སློབ་གྲྭ་ཐོན་པ༌དུས་མཉམ་གྱིས་ས་གནས་གང་སར་ལས་བགོས་བྱས་ཤིང་སློབ་ཕྲུག་དེ་རྣམས་སློབ་གྲྭ་ནས་ཁ་གྱེས། གཞན་ཡང་བོད་ལྗོངས་སློབ་ཆེན་གྱི་བོད་སྨན་ཚན་ཁག་ཡོངས་སུ་གནས་སྤོས་ཏེ། སློབ་གླིང་གཞན་ཞིག་གསར་འཛུགས་བྱས་པ་རེད།
དེ་འདྲའི་སྲིད་གཞུང་གི་ལྐོག་གཡོ་ངན་བྱུས་ཀྱི་བྱ་ཐབས་ལ་བརྟེན་ནས། བོད་ལྗོངས་སློབ་ཆེན་གྱི་བོད་ཕྲུག་སློབ་མའི་ནུས་ཤུགས་ཇེ་ཞན་དང་། མི་རིགས་ཀྱི་ལ་རྒྱར་འབུར་འཇོམས༌བྱས་པས། སྐབས་དེའི་ཁྲོམ་སྐོར་བྱས་པ་བརྒྱུད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་མཐོང་རྒྱུ་མེད་ཀྱང་། སློབ་ཕྲུག་གི་གཞི་རྒྱ་ཆེ་བའི་རྔམ་སྟོན་གྱི་ཁྲོམ་སྐོར་དེ་ནི་བརྗེད་པར་དཀའ་བའི་འདས་དོན་ཞིག་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་བསུབ་ཐབས་བྲལ་བའི་བོད་རིགས་ན་གཞོན་ཤེས་ཡོན་ཅན་གྱི་ལག་རྗེས་ཤིག་ཡིན།
གཞན་ཡང་། གོང་ཞུས་སྐབས་དེའི་པེ་ཅིང་མི་རིགས་སློབ་གླིང་གི་བོད་པའི་སློབ་ཕྲུག་ཚོས་ཁྲོམ་སྐོར་བྱས་པའི་སྐོར་དེ་སྔ་ཨ་རི་ཁུལ་ནས་འདོན་སྤེལ་བྱས་པའི་“བོད་དོན་གླེང་སྟེགས་”ཞེས་པའི་རྒྱ་ཡིག་ཚགས་ཤོག་གཅིག་(ཚགས་ཤོག་ཐོག་འདོན་སྤེལ་གྱི་དུས་ཚོད་མ་གསལ་ཡང་། ནང་དོན་ནས་ཤེས་རྟོགས་ཐུབ་པ་ཞིག་ནི་ ༡༩༨༩ ལོ་མཇུག་ཏུ་འདོན་སྤེལ་གནང་བ་ཞིག་རེད་འདུག)ལག་སོན་བྱུང་བ་དེའི་ནང་གནས་ཚུལ་བཀོད་པ་གཤམ་དུ་བོད་སྒྱུར་ཞུས་ཡོད།
“བོད་དོན་གླེང་སྟེགས་”པར་ངོས་ ༣ པའི་ཐོག་རྩོམ་སྒྲིག་པ་སྐུ་ཞབས་ང་ཕོད་འཇིགས་མེད་ལགས་ཀྱིས་སྤེལ་བའི་འགོ་བརྗོད་དུ་“བོད་པའི་སློབ་ཕྲུག་གི་རྔམ་སྟོན་ཁྲོམ་སྐོར་ལ་དཔྱད་པ་”ཞེས་པའི་དཔྱད་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། “ཉེ་ཆར། ཕྱི་ཕྱོགས་ནས་བོད་པའི་སློབ་ཕྲུག་གིས་རྔམ་སྟོན་ཁྲོམ་སྐོར་ཐེངས་འགའ་ཤས་བྱས་པའི་གསར་འགྱུར་བསྟུད་མར་ཐོན་པ་དང་། སྔ་ལོ་(༡༩༨༨)ཟླ་ ༡༢ ཚེས་ ༡༨ ཉིན། པེ་ཅིང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་བརྒྱ་སྐོར་ཞིག་གིས་པེ་ཅིང་གནམ་བདེ་སྒོ་མོ་ཐང་ཆེན་དང་། ཀྲུང་ནན་ཧེ་སྒོ་ཆེན་མདུན་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་གཞུང་གི་དྲག་གནོན་དང་། ལྷ་སར་མི་དམངས་ཀྱི་ལག་ཏུ་མཚོན་ཆ་ཁབ་ཙམ་མེད་པའི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་དམར་གསོད་བཏང་བར་ངོ་རྒོལ་བྱས་ཡོད་པ་རེད། སློབ་ཕྲུག་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་ཞེས་དང་། ཞི་བའི་སྒོ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་དགོས་ཞེས་པའི་ཕྲེད་དར་འཕྱར་ཡོད་པ་རེད། ཟླ་ ༡༢ ཚེས་ ༣༠ ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ལྔ་བརྒྱ་སྐོར་གྱིས་ལྷ་སར་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། སླར་ཡང་ཞི་བའི་སྒོ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་དགོས་ཞེས་དང་། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ལ་སྡུག་རྩུབ་ཀྱིས་དམར་གསོད་བཏང་བར་ངོ་རྒོལ་ཡོད་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད། ཁོང་ཚོས་ད་དུང་སློབ་གྲྭའི་བསླབ་གཞི་དང་སྲིད་གཞུང་གི་ཡིག་ཆ་ཁག་ཕྱོགས་ཡོངས་ནས་བོད་ཡིག་སྤྱོད་དགོས་པའི་སྐད་འབོད་བྱས་ཡོད། གཞན་ཡང་། དབྱིན་ཡུལ་ལུན་ཏུན་གྱི་དངུལ་རྩའི་དུས་བབ་ཞེས་པའི་ཐོག་གནས་ཚུལ་ཐོན་གསལ། སྔ་ལོ་སྤྱི་ཟླ་ ༡༠ པའི་ནང་མཚོ་སྔོན་གྱི་དགེ་འོས་སློབ་གླིང་གཅིག་དང་། མི་རིགས་སློབ་གླིང་གཅིག གསོ་རིག་སློབ་གླིང་གཅིག་གི་བོད་པའི་སློབ་ཕྲུག་ཚོས་ཀྱང་དེ་འདྲ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།”ཅེས་ངོ་སྤྲོད་གནང་ཡོད།
དེ་བཞིན། “བོད་དོན་གླེང་སྟེགས་”དཔར་ངོས་ ༧ པའི་ཐོག་འགོ་བརྗོད་དུ། “བོད་པའི་སློབ་ཕྲུག་གིས་པེ་ཅིང་དུ་རྔམ་སྟོན་ཁྲོམ་སྐོར་བྱས་པ་”ཞེས་པའི་གསར་འགྱུར་ཞིག་བཀོད་པའི་ནང་དོན་ཁག་གཅིག་གཤམ་དུ་བཀོད་པར།
“(པེ་ཅིང་ནས་གནས་ཚུལ་སྤེལ་གསལ།)སྤྱི་ཟླ་ ༡༢ ཚེས་ ༡༨ ཉིན་བོད་པའི་སློབ་ཕྲུག་བརྒྱ་སྐོར་ཞིག་གིས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་མདུན་རྔམ་སྟོན་ཁྲོམ་སྐོར་བྱས་ཤིང་། ཚེས་ ༡༠ ཉིན་རྒྱ་ནག་དམག་དཔུང་གིས་ལྷ་སར་བོད་མི་དམར་གསོད་བཏང་བར་ངོ་རྒོལ་དང་། མ་ཟད་རྒྱ་ནག་གཞུང་གིས་ཞི་བའི་སྒོ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་དགོས་པའི་རེ་སྐུལ་བཏོན་ཡོད་པ་རེད། དེ་ནི་འདས་པའི་ལོ་ཤས་ནང་བོད་དུ་རྔམ་སྟོན་ཁྲོམ་སྐོར་གྱི་དོན་རྐྱེན་བྱུང་རྗེས་བོད་མི་ཚོས་པེ་ཅིང་དུ་ཐོག་མར་ཁྲོམ་སྐོར་བྱས་པ་ཞིག་རེད།
ཁྲོམ་སྐོར་ནང་ཞུགས་མཁན་སློབ་ཕྲུག་གིས་ངོ་སྤྲོད་བྱས་པ་ལྟར་ན། སྔ་དྲོ་ཆུ་ཚོད་ ༩།༣༥ ཐོག་པེ་ཅིང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་གྲངས་ ༩༢ ཀྱིས་ཉིན་ཤས་གོང་འཆར་གཞི་བཀོད་པ་ལྟར། རིམ་བཞིན་གནམ་བདེ་སྒོ་མོ་ཐང་ཆེན་གྱི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ཉེ་འགྲམ་དུ་འདུ་འཛོམས་རྗེས། རས་གདན་གྱིས་བཟོས་པའི་ཕྲེད་དར་ཁྱོན་གྲངས་ལྔ་ཡོད་ཁོངས་ནས་གཅིག་ཐོག་བོད་ཡིག་བྲིས་ཡོད་པ་དང་། ཕྲེད་དར་ལྔ་པོའི་ཐོག་གི་འབོད་ཚིག་ནི། ཞི་བདེ་ཁྲི་ལོར་བརྟན་པར་ཤོག འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་བྱ་དགོས། མཚོན་ཆས་དྲག་གནོན་བྱས་པར་ངོ་རྒོལ་བྱ་རྒྱུ། ཞི་བའི་སྒོ་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་བརྩི་བཀུར་ཞུ་རྒྱུ། བོད་ཀྱི་བདག་པོ་བོད་མི་ཡིན། ཞེས་སོགས་འཁོད་ཡོད་པ་དང་། སློབ་ཕྲུག་ཚོས་ནང་དོན་གཅིག་པའི་འབོད་ཚིག་སྒྲོག་ཡོད་པ་རེད། ཆུ་ཚོད་ ༡༠ པ་ཙམ་ལ་སློབ་ཕྲུག་ཚོ་ཁྲང་ཨན་སྲང་ལམ་བརྒྱུད་ནུབ་ངོས་སུ་བསྐྱོད་དེ། ཀྲུང་ནན་ཧེ་སྒོ་ཆེན་མདུན་སློབ་མའི་འགོ་ཁྲིད་ཀྱིས་མི་དམངས་ལ་གཏམ་བཤད་སྤེལ་དོན། ཚང་མས་ཤེས་གསལ་ལྟར། བོད་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ཚོ་ཡང་ཉེ་བའི་ཆར་པེ་ཅིང་དང་། ཧྲང་ཧེ་སོགས་ས་ཁུལ་ཁག་ཏུ་རྒྱ་རིགས་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་གཅིག་མཚུངས་ཏེ་ལག་ཏུ་མཚོན་ཆ་གང་ཡང་འཁྱེར་རྒྱུ་མེད། རྒྱུ་མཚན་གང་ལ་བརྟེན་ནས་བོད་མི་གཅིག་པུའི་ཐོག་སྡུག་རྩུབ་ཀྱི་དྲག་གནོན་བྱེད་དགོས་དོན་གང་ཡིན་ནམ། དེ་ནི་ང་ཚོ་བོད་པ་མི་རེ་ངོ་རེས་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་རེད་འདུག
ཐེངས་འདིའི་ཁྲོམ་སྐོར་ནང་ཞུགས་མཁན་གཙོ་བོ་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང་ནས་ཡིན་པ་དང་། སློབ་གླིང་འདིར་ད་ཡོད་དངོས་གཞིའི་ཚན་ཁག་ནང་བོད་པའི་སློབ་ཕྲུག་བརྒྱ་སྐོར་ཉེ་བ་ཞིག་ཡོད་ཁོངས། སློབ་ཕྲུག་གྲངས་ ༦༨ དངོས་གཞིའི་འཛིན་གྲྭ་དང་། གྲངས་ ༡༠ གྲ་སྒྲིག་འཛིན་གྲྭ་ནས་ཡིན་པ་མ་ཟད། དེ་མིན་སློབ་ཕྲུག་གྲངས་ ༡༤ ཙམ་པེ་ཅིང་དུ་ཡོད་པའི་མཐོ་སློབ་གཞན་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོས་མཉམ་ཞུགས་བྱས་ཡོད་པ་རེད།” ཅེས་སོགས་གནས་ཚུལ་བཀོད་ཡོད།
སྐུ་ཞབས་ང་ཕོད་འཇིགས་མེད་ལགས་ཀྱིས་བོད་པའི་སློབ་ཕྲུག་གི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ལ་དཔྱད་གཏམ་སྤེལ་བའི་ནང་། ཐོག་མར་སློབ་ཕྲུག་གི་ཁྲོམ་སྐོར་ཐེངས་འགའ་ཤས་ཀྱི་རྒྱབ་ལྗོངས་མདོར་བསྡུས་ངོ་སྤྲོད་དང་། ལྷག་པར་སློབ་ཕྲུག་གི་འབོད་ཚིག་གི་ནང་དོན་སྐོར་ལ་དབྱེ་ཞིབ་གནང་ཡོད་པ་མ་ཟད། སློབ་ཕྲུག་གི་ཁྲོམ་སྐོར་ཐད་གཤམ་གསལ་ཁྱད་ཆོས་ཁག་གསུམ་ངོ་སྤྲོད་གནང་འདུག
“དང་པོ། ངོ་རྒོལ་གྱི་ལས་འགུལ་ཁག་རྒྱ་ནག་གཞུང་གིས་མཚོན་ཆས་རྔམ་སྟོན་ཁྲོམ་སྐོར་ལ་དྲག་གནོན་གྱིས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་བའི་རྗེས་དུས་ཡུན་རིང་པོ་སོང་མེད་པ་དང་། སློབ་ཕྲུག་ཚོས་སླར་ཡང་དྲག་གནོན་དང་ཐ་ན་དམར་གསོད་ཀྱི་ཉེན་ཁར་མ་འཛེམས་པར། དཔའ་ངར་ཆེར་སྐྱེད་ངང་ཕྱིར་ཐོན་པ་དེས་ཆེས་སྙིང་སྟོབས་དང་ཆེས་བློ་ཁོག་ལྡན་པ་དེ་མཚོན་ཐུབ། གཉིས་པ། ཁྲོམ་སྐོར་ཐེངས་འགའ་ཤས་བྱུང་བ་དེ་དག་ནི་ཞི་བ་དང་། འཚེ་བ་སྤངས་པས་ཁྲག་སྦྱོར་གདོང་ཐུག་གི་དོན་རྐྱེན་བྱུང་མེད། རྒྱུན་དུ་ཨེ་ཤེ་ཡའི་ས་ཁུལ་གཞན་ཁག་གི་ནང་དྲག་སྐྱོད་སློབ་ཕྲུག་ཚོས་ཤེལ་སྣོད་ས་སྣུམ་འབར་མདེལ་གཡུག་སྟེ་ཉེན་རྟོག་པར་ཁ་གཏད་གཅོག་པའི་དོན་རྐྱེན་ཡང་ཡང་མཐོང་རྒྱུ་ཡོད་ཀྱང་། བོད་པའི་སློབ་ཕྲུག་ཚོས་དེ་འདྲའི་བབ་བརླིང་དང་བཟོད་བསྲན་ཐུབ་སྟེ་འཚེ་མེད་ཞི་བའི་རྩ་དོན་མཐའ་འཁྱོངས་བྱེད་ཐུབ་པ་དེ་ནི་མཐོང་ཐོས་གསར་པ་ཞིག་ཡིན་པར་མངོན། གསུམ་པ། སློབ་ཕྲུག་ཚོས་བཏོན་པའི་འབོད་ཚིག་ནི་ལྗིད་ཁོག་ཆེ་ལ། བཤད་ཚོད་རན་པ་དང་། ཕུགས་རྒྱང་རིང་བའི་དམིགས་ཡུལ་ལྡན་ལ། མིག་སྔའི་ཛ་དྲག་གི་དགོས་འདུན་བཏོན་ཡོད་པ་མ་ཟད། གནད་དུ་འཁེལ་ཐུབ་ཡོད་ལ། མིག་སྔའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ཁས་ལེན་བྱས་པའི་ཁྱབ་ཁོངས་ལས་མ་བརྒལ་བར། སྔོན་མ་མའོ་ཙེ་ཏུང་གིས་བཤད་པ་ལྟར། གནས་ལུགས་ཡོད་པ། ཕན་ནུས་ཡོད་པ། མཚམས་ཚིག་ཡོད་པ། ཞེས་པ་དེ་དག་དོན་དུ་ལག་ལེན་ཐོག་འཁེལ་ཐུབ་པ་བྱུང་འདུག”ཅེས་གདེང་འཇོག་ཆེན་པོ་གནང་འདུག
ནུབ་བྱང་མི་རིགས་སློབ་གླིང་གི་སྐོར། བཙན་བྱོལ་དུ་འབྱོར་ཐུབ་པའི་ནུབ་བྱང་མི་རིགས་སློབ་གླིང་གི་སློབ་ཟུར་གཉིས་ལ་བཅའ་འདྲི་ཞུས་པ་གཤམ་དུ་ཡིག་ཐོག་སྙིང་བསྡུས་འགོད་འབུལ་ཞུས་ཡོད།
ཀན་སུའུ་ཞིང་ཆེན་ནུབ་བྱང་མི་རིགས་སློབ་གླིང་གི་སློབ་ཟུར་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ལ་བཀའ་དྲི་ཞུས་ལན་ངོ་སྤྲོད་གནང་བ་ལྟར་ན། ཁོང་ཉིད་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་གནང་བའི་དུས་བོད་པའི་སློབ་ཕྲུག་ཚོས་ལས་འགུལ་ཆེ་བ་ཁག་གཉིས་ཙམ་སྤེལ་མྱོང་ཡོད་པ་དང་། ཁོང་ཉིད་ལས་འགུལ་དེ་གཉིས་ཀའི་ནང་དངོས་སུ་མཉམ་ཞུགས་བྱེད་མྱོང་ཡོད་ཀྱང་། བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་སྐབས་ལམ་བར་གྱི་ཟ་གོས་འདེང་ངེས་ཙམ་ལས་གཞན་གང་ཡང་འཁྱེར་ཐབས་བྲལ་བ་མ་ཟད། ད་ཆ་དུས་ཡུན་ལོ་མང་འདས་ཟིན་པས་ཞིབ་ཕྲའི་ལོ་ཟླ་ཚེས་སོགས་གསལ་པོ་ཞུ་ཐབས་བྲལ་ཡང་། ལས་འགུལ་ཆེ་བ་ཁག་གཉིས་ཀྱི་འབྱུང་གཞིའི་སྐོར་ངོ་སྤྲོད་གནང་བ་གཤམ་དུ་བཀོད་པ་ལགས།
ཧ་ལམ་སྤྱི་ལོ་ ༡༩༨༦ ལོའི་ནང་ཀན་སུའུ་ནུབ་བྱང་མི་རིགས་སློབ་གླིང་བོད་སྐད་ཡིག་ཚན་པའི་བོད་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་ཡང་སློབ་གླིང་དེའི་སྤྱི་ལོ་ ༡༩༨༥ སྐབས་ཀྱི་བོད་ཕྲུག་སློབ་མ་ཨ་མདོ་བླ་བྲང་བསང་ཆུ་ནས་ཡིན་པ་རྒྱ་མཚོ་ཞུ་བ་ཞིག་སློབ་གྲྭའི་རྒྱ་རིགས་དགེ་རྒན་གྱི་བུ་ཕྲུག་ཁ་ཤས་ཀྱིས་མཉམ་རུབ་རྡུང་རྡེག་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡང་། གཞུང་ཕྱོགས་ནས་དྲང་བདེན་གྱི་ཁྲིམས་ཐག་མ་བཅད་པར་བོད་མིའི་ཚེ་སྲོག་ལ་སྣང་ཆུང་བྱས་པར་བརྟེན། འཛིན་གྲོགས་སློབ་མ་ཚོས་རྒྱ་ནག་དབུས་གཞུང་གྲངས་ཉུང་མི་རིགས་ལས་ཁུངས་དང་། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས། སློབ་གསོ་ལས་ཁུངས་སོགས་གོང་རིམ་ལ་ཡིག་ཐོག་སྙན་ཞུ་ཐེངས་མང་ཕུལ་བ་དང་། ལྷག་པར་སློབ་མ་ཚོ་དངོས་སུ་ཕྱིར་ཐོན་ཏེ་སློབ་གྲྭ་ནས་འགོ་བཙུགས་ཀྱིས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུ་གཏུག་སོགས་དུས་ཡུན་ཟླ་བ་གཅིག་ལྷག་སློབ་མཚམས་བཞག་སྟེ་ཞུ་གཏུག་གི་ལས་འགུལ་སྣ་མང་སྤེལ་ཡང་མཐར་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད།
གཞན་ཡང་། ཧ་ལམ་ ༡༩༨༩ ལོའི་ནང་ནུབ་བྱང་མི་རིགས་སློབ་གླིང་བོད་སྐད་ཡིག་ཚན་པ་གཙོས་བོད་ཕྲུག་སློབ་མ་བརྒྱ་ཆ་དགུ་བཅུ་ཡན་མཉམ་ཞུགས་ཀྱིས་ཀན་སུའུ་མི་དམངས་གཞུང་སྲིད་གཞུང་མདུན་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད། སྐབས་བབ་ཀྱི་རྒྱུ་རྐྱེན་གཅིག་ནི་ཀན་སུའུ་ཞིང་ཆེན་ལན་ཀྲའོ་གྲོང་ཁྱེར་དུ་ཆགས་པའི་ལན་ཀྲའོ་གནམ་གཤིས་སློབ་གྲྭའི་ནང་བོད་རང་སྐྱོང་ལྗོངས་ནས་ཡོང་བའི་བོད་པའི་སློབ་ཕྲུག་རྣམས་ལ་སློབ་གྲྭ་དེའི་ནང་གི་གྲངས་འབོར་མང་བའི་རྒྱ་རིགས་སློབ་མ་ཚོས་བརྙས་བཅོས་བྱས་ཏེ་མཉམ་རུབ་ཀྱིས་ཉེས་རྡུང་བཏང་ཡོད་པ་དང་། སློབ་མའི་གྲངས་འབོར་མང་ཉུང་དབང་གིས་མཐར་བོད་པའི་སློབ་མ་ཚོ་སྲོག་ཉེན་ལས་ཐར་ཆེད་ཁང་ཆེན་ཐོག་རྩེག་གི་ཡང་སྟེང་དུ་བྲོས་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ལྷགས་ཡོད་པ་རེད། དེའི་དུས་ནུབ་བྱང་མི་རིགས་སློབ་གླིང་གི་བོད་པའི་སློབ་ཕྲུག་རྣམས་མཚན་ཚོགས་ཤིག་བསྡུས་པའི་སྐབས་ཤིག་གི་དགོང་དྲོར། ལན་ཀྲའོ་གནམ་གཤིས་སློབ་གྲྭའི་བོད་པའི་སློབ་ཕྲུག་གཅིག་རྒྱུགས་ཡོང་ནས། རྒྱ་མིའི་སློབ་ཕྲུག་ཚོས་བོད་ཕྲུག་ཚོར་བརྙས་བཅོས་གཏོང་ལུགས་འགྲེལ་བཤད་བྱས་པར། དེར་ཡོད་བོད་ཕྲུག་སློབ་མ་རྣམས་བཟོད་ཐབས་བྲལ་བར་གྱུར་ནས་དེ་མ་ཉིད་དུ་རྒོལ་ལན་སློག་པར་འགྲོ་རྒྱུའི་སེམས་ཐག་བཅད་ཀྱང་། བོད་པའི་དགེ་རྒན་གྱིས་ཕུགས་རྒྱང་དང་གནས་སྟངས་ལ་གཞིགས་པའི་སློབ་གསོ་བརྒྱབ་སྟེ། སང་ཉིན་གཞུང་ཕྱོགས་དང་སྐད་ཆ་ཤོད་རྒྱུ་གནང་སྟེ་དེ་ཉིན་སློབ་ཕྲུག་རྣམས་ཕྱིར་ཐོན་བཅུག་མེད། དེ་རྗེས་བོད་པའི་སློབ་ཕྲུག་ཚོས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡིག་ཐོག་སྙན་ཞུ་རིམ་པ་ཕུལ་ཡང་དེར་ཡ་ལན་བདག་སྤྲོད་གང་ཡང་མེད་སྟབས། གོང་ཞུས་ལྟར་ནུབ་བྱང་མི་མིགས་སློབ་གླིང་བོད་སྐད་ཡིག་ཚན་པས་གཙོས་སློབ་མ་རྣམས་ཀྱིས་ལན་ཀྲའོ་གནམ་གཤིས་སློབ་གྲྭའི་བོད་རང་སྐྱོང་ལྗོངས་ནས་སླེབས་པའི་བོད་ཕྲུག་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་། བོད་པའི་སློབ་ཕྲུག་གི་བདེ་སྡུག་ཞུ་གཏུགས་ལ་གཞུང་ཕྱོགས་ནས་དྲང་བདེན་གྱི་ཡ་ལན་བདག་སྤྲོད་མེད་པར་ངོ་རྒོལ་ཆེད་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད། སློབ་ཕྲུག་ཚོས་རས་གདན་གྱིས་ཕྲེད་དར་བཟོས་པ་དང་། དེའི་ཐོག་“མི་རིགས་འདྲ་མཉམ་དགོས་”ཞེས་དང་། “ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་པ་མེད་པ་བཟོ་དགོས་”སོགས་འཁོད་པའི་ཕྲེད་དར་འཕྱར་ཏེ། སློབ་གྲྭ་ནས་མི་དམངས་སྲིད་གཞུང་བར་ངག་ནས་འབོད་ཚིག་སྒྲོག་བཞིན་ཤར་བསྐྱོད་བྱས་ཡོད། མི་དམངས་སྲིད་གཞུང་གི་ར་སྐོར་ནང་དཔོན་རིགས་ཁག་གཅིག་ནས་སློབ་ཕྲུག་རྒན་པ་ཁག་གཅིག་ཐུགས་འཕྲད་བྱས་ཡོད་ཀྱང་། སློབ་ཕྲུག་ཚོ་འདོད་པ་ཁེངས་པའི་གྲུབ་འབྲས་ཐོན་ཐུབ་མེད། སྐབས་དེ་དུས་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་མི་རིགས་སློབ་ཆེན་དང་། དགེ་འོས་སློབ་ཆེན་གྱི་བོད་པའི་སློབ་ཕྲུག་རྒྱབ་སྐྱོར་བྱེད་པར་བསྐྱོད་ཡོད་པ་དང་། སློབ་ཕྲུག་ཁག་གཅིག་གཞུང་ཕྱོགས་ཀྱིས་ཟི་ལིང་རི་ལིའི་བབ་ཚུགས་ནས་བཀག་འགོག་བྱས་ཏེ་ས་གནས་སུ་སླེབས་ཐུབ་མེད་པ་དང་། ཁག་གཅིག་ལན་ཀྲའོ་གྲོང་ཁྱེར་དུ་འབྱོར་བ་གོ་ཐོས་ཙམ་ལས་ཕན་ཚུན་ཐུགས་འཕྲད་མ་བྱུང་ཞེས་སོགས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན། ད་ཆ་སི་པན་རྒྱལ་ཁབ་ཏུ་གནས་བཞུགས་ནུབ་བྱང་མི་རིགས་སློབ་གླིང་གི་སློབ་ཟུར་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་ཁྲོམ་སྐོར་ནང་འགྲོ་མྱོང་མཁན་གྱི་སློབ་མ་ཞིག་དང་ཁ་བརྡ་བྱུང་བའི་གནས་ཚུལ་སོགས་ཡིག་ཐོག་མཁོ་སྤྲོད་གནང་ཁོངས་ནས་སྙིང་བསྡུས་ཤིག་གཤམ་དུ་བཀོད་པར།
ནུབ་བྱང་མི་རིགས་སློབ་གླིང་གི་ངོ་རྒོལ་དེ་ ༡༩༨༩ ལོ་རེད། ལན་ཀྲའོ་གནམ་གཤིས་སློབ་གྲྭ་ཟེར་བའི་ནང་བོད་ལྗོངས་ལྷ་སའམ་བོད་ལྗོངས་འཛིན་གྲྭ་ཟེར་བ་ཞིག་ཡོད་པ་རེད། དེའི་དོན་རྐྱེན་གོང་དུ་བརྗོད་པ་དེ་རང་རེད། སྐབས་དེར་ནུབ་བྱང་མི་རིགས་སློབ་གླིང་གིས་ངོ་རྒོལ་བྱས་པ་མ་ཟད། མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་ཕྲུག་མང་པོ་ཟི་ལིང་ནས་ལན་ཀྲའོ་རུ་སོང་བ་དང་། སྐབས་དེར་འགྲོ་མཁན་ཚོས་བརྗོད་པ་ལྟར་ན་ཁོང་ཚོས་ཉལ་ཆས་ནང་ལོག་ལ་ཁ་ཆེམས་བྲིས་པ་ཡིན་ཟེར། ཟི་ལིང་ནས་མར་ལན་ཀྲའོ་རུ་འབྱོར་མ་ཐག་མེ་འཁོར་བབས་ཚུགས་ནས་ཤར་རྒྱག་ཞིང་ཆེན་སྲིད་གཞུང་བར་གྱི་གཞུང་ལམ་ལས་དེ་མིན་གྱི་ལམ་གཞན་ཚང་མ་བཀག་ཟིན་པ་དང་། ཁོང་ཚོ་ཤར་རྒྱག་ཞིང་ཆེན་སྲིད་གཞུང་དུ་ཁྲིད་སྟབས་ཕྱི་རོལ་དུ་གནས་ཚུལ་ཁྱབ་ཡོད་པ་མ་རེད། གོང་དུ་བདེ་སྲུང་བཀའ་བློན་མཆོག་གིས་གསུངས་པའི་དོན་རྐྱེན་དེ་བྱུང་རྗེས་ཞིང་ཆེན་སྲིད་གཞུང་གིས་གཟབ་གཟབ་ངང་ཐག་གཅོད་ཡག་པོ་བྱ་རྒྱུ་མ་ཟད་ཁས་ལེན་ཡང་མང་པོ་བྱས་ཡོད། དཔེར་ན་རྒྱ་རིགས་སློབ་ཕྲུག་ཚོར་ཉེས་པ་གཏང་རྒྱུ་ལ་སོགས་རེད། དེ་བཞིན་བོད་ལྗོངས་ཕྱོགས་ནས་འབྲེལ་ཡོད་དཔོན་རིགས་འབྱོར་ནས་ནུབ་བྱང་མི་རིགས་སློབ་གླིང་དང་མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་མ་ཚོ་ཐུགས་འཕྲད་གནང་བ་སོགས་ཀྱིས་མཐར་དོན་རྐྱེན་རེ་ཞིག་ཞི་བར་གྱུར་བ་དང་མཚོ་སྔོན་གྱི་སློབ་ཕྲུག་ཚོ་ཕྱིར་ཟི་ལིང་དུ་ལོག་པ་རེད། འོན་ཀྱང་རྗེས་སོར་གཞུང་ཕྱོགས་ནས་ཐག་གཅོད་ཡག་པོ་ཞིག་བྱས་མེད་པ་གོ་ཐོས་བྱུང་།
ཡིན་ཡང་རིང་པོར་མ་སོང་བར་ལན་ཀྲའོ་གྲོང་ཁྱེར་ནང་བོད་པར་མཐོང་ཆུང་བྱེད་པའི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་པ་རེད། བོད་པ་ཚོ་ལན་ཀྲའོ་ནས་ཕྱིར་འབུད་བྱེད་དགོས། ཀླ་ཀློ་དེ་ཚོ་ཡོང་ནས་ལན་ཀྲའོ་ཡི་མཁའ་དབུགས་བཙོག་པོ་བཟོས་སོང་སོགས་འཁོད་པའི་ཡི་གེ་སྦྱར་སྟབས། ནུབ་བྱང་མི་རིགས་སློབ་གླིང་གིས་ཡང་བསྐྱར་གཞི་རྒྱ་ཆེན་པོའི་ངོ་རྒོལ་བྱས། སྐབས་དེ་དུས་བོད་རིགས་སློབ་ཕྲུག་ཕལ་ཆེ་བ་ཚང་མ་མཉམ་ཞུགས་བྱས་ཡོད་པར་བརྗོད། དེ་སྐབས་སུ་ལན་ཀྲའོ་རུ་རྒྱའི་སློབ་ཕྲུག་ཚོས་པེ་ཅིང་གི་སློབ་ཕྲུག་བཞིན་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། བོད་པ་ཉུང་ཉུང་ཡིན་པས་གྲལ་རིང་པོ་ཡོང་ཆེད་མི་དང་མིའི་བར་གྱི་བར་ཐག་རིང་པོ་བྱས་ནས་ངོ་རྒོལ་ཁྲོམ་སྐོར་བྱས་པས། བོད་རིགས་སློབ་མ་ཚོས་ནུབ་བྱང་མི་རིགས་སློབ་གླིང་ནས་ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཁང་བར་ཁྲོམ་སྐོར་བྱས་པ་དང་། མཐར་ཞིང་ཆེན་འགོ་ཁྲིད་ཚོས་སྣེ་ལེན་དང་སློབ་གསོ། དེ་བཞིན་ཁ་འཁྲུག་བཟོ་མཁན་དེ་ཚོར་ཉེས་པ་ཚ་ནན་གཏོང་རྒྱུ་སོགས་ཁས་ལེན་བྱས་པར་བརྟེན། བོད་རིགས་སློབ་ཕྲུག་ཚོ་ཕྱིར་ལོག་སྟེ་ཉིན་ཤས་རྗེས་ཚང་མ་རང་རང་གི་ཕ་ཡུལ་དུ་ལོག་ནས་ཡུན་རིང་སློབ་གྲྭར་ཕྱིར་ལོག་བྱས་མེད་པ་རེད། རྗེས་སུ་སློབ་གླིང་ནས་སློབ་མའི་ཁྱིམ་བདག་ལ་ཡི་གེ་ཡང་ཡང་བཏང་བས་སློབ་ཕྲུག་ཚོ་ཕྱིར་ལོག་པ་རེད། སྐབས་དེར་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཡོད་པ་ནི་བོད་རིགས་དང་རྒྱ་རིགས་སློབ་མ་ཕན་ཚུན་ལག་འཛིང་འཁྲུག་རྩོད་ཤོར་ཉེན་ཡོད་པ་དང་། གལ་ཏེ་དེ་འདྲ་བྱུང་ན་བོད་རིགས་ཧ་ཅང་ཉུང་ཉུང་ཡིན་སྟབས་གྱོང་ཆེན་པོ་རགས་རྒྱུ་ཉག་ཅིག་རེད་ཅེས་སོགས་ངོ་སྤྲོད་གནང་བྱུང་།
མཐའ་དོན། ཡིག་ཆ་ཁ་གསལ་མི་ཐོབ་པའི་དབང་གིས་འདིར་དུས་ཚེས་སོགས་གནས་ཚུལ་ཁག་གཅིག་གསལ་འདོན་ཞུ་ཐུབ་མེད། དམིགས་ཡུལ་དང་དགོས་འདུན་མི་འདྲ་བའི་གངས་ལྗོངས་གདོང་དམར་ཤེས་ཡོན་ཅན་ཚོས་སྤེལ་བའི་ལས་འགུལ་ཁག་ནང་དངོས་སུ་ཞུགས་མཁན་རྣམས་ཀྱིས་མི་རབས་རྗེས་མར་རྩིས་སྤྲོད་དང་ལོ་རྒྱུས་ཀྱི་དཔང་པོར་འཇོག་ཆེད་བློའི་ཀློང་དུ་ཡོད་པའི་འདས་དོན་ཁག་མི་འཇིག་བྲག་གི་རྡོ་རིང་དུ་འགོད་རྒྱུ་ཛ་དྲག་གི་འོས་འགན་ཡིན་པས་དེ་ལྟར་གུས་པས་འབོད་སྐུལ་ཞུ་བཞིན་ཡོད།
༡༩༩༡ ལོར་ཐོན་བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་སློབ་ཟུར་བསོད་ནམས་རྡོ་རྗེས།
འདིར་འཁོད་རྩོམ་ཡིག་འདི་རྩོམ་པ་པོ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བསམ་ཚུལ་ཡིན་པའི་ངེས་པ་མེད།