ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་འཇོར་ཇི་སྦུ་ཤི་ George H.W. Bush མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ ཉིན་རང་ཉིད་ཀྱི་གཟིམས་ཤག་ཏུ་དགུང་ལོ་ ༩༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་འཇོར་ཇི་སྦུ་ཤི་མཆོག་འདས་གྲོངས་སུ་གྱུར་བའི་སྟབས་མ་ལེགས་པའི་གནས་ཚུལ་ཞིག་གོ་ཐོས་བྱུང་བས་རང་ཉིད་བློ་ཕམ་བྱུང་། སེམས་སྡུག་གི་སྐབས་འདིར་ངས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེ་མི་མང་གི་ཚབ་ཞུས་ཏེ་འདས་པོ་དམ་པ་དེ་ཉིད་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་འཇོར་ཇི་སྦུ་ཤི་མཆོག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་དང་པོ་མཇལ་འཕྲད་ཞུ་མཁན་གྱི་ཨ་རིའི་སྲིད་འཛིན་དེ་ཡིན་ཞིང་། དམ་པ་དེ་ཉིད་ཀྱིས་འཛམ་གླིང་གི་དབུ་ཁྲིད་རྣམ་པ་ཚོར་གཟི་བརྗིད་ཆེ་བའི་མིག་དཔེ་བཟང་པོ་ཞིག་བཞག་ཡོད། ཕྱི་ལོ་ ༡༩༩༤ ཟླ་ ༤ ནང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་འཇོར་ཇི་སྦུ་ཤི་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་གནང་རྗེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་ལྡོག་རོལ་གཏོང་བཞིན་པའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་སྐོར་གསུང་ཡོད།
དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ཀྱང་ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ནང་དེ་ལྟར་གསུངས་ཡོད། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་འཇོར་ཇི་སྦུ་ཤི་མཆོག་གིས་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ལོ་ངོ་ ༤༠ རིང་ཞབས་འདེགས་བསྒྲུབས་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཚོས་རླབས་ཆེན་གྱི་དབུ་ཁྲིད་དེ་ལྟ་བུ་འདས་གྲོངས་སུ་གྱུར་བར་བློ་ཕམ་གནང་བཞིན་ཡོད། ང་ཚོས་དམ་པ་དེ་ཉིད་ཡིད་ལ་དྲན་པའི་ཐོག་སྨོན་ལམ་འདེབས་ངེས་ཡིན། ཞེས་འཁོད་ཡོད། །