༢༠༡༨ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་འཚེ་མེད་ཞི་བའི་འཐབ་རྩོད་སྐོར་དངོས་བྱུང་གློག་བརྙན་བཟོ་སྐྲུན་གནང་མཁན་རྒྱ་གར་གྱི་སྒྱུ་རྩལ་བ་སྐུ་ཞབས་ར་མེ་ཤི་ཤརྨ་Ramesh Sharmaལགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༩ འཁོར་བའི་དུས་ཆེན་ཏེ་དུས་ཆེན་གཉིས་འཛོམ་སྐབས་དང་བསྟུན། རྒྱ་གར་རྒྱལ་ས་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་འདུག ཁོང་གིས་མེས་པོ་དམ་པ་གཱན་དྷི་མཆོག་གི་འཚེ་མེད་ཞི་བའི་ལམ་སྟོན་དེ་དག་ནུས་པ་ཧ་ཅང་ཆེན་པོ་བྱུང་བའི་རྒྱུ་མཚན་ཇི་ཡིན་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། “བདག་ཉིད་ཆེན་པོ་གཱན་དྷི་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་རྒྱ་གར་གྱི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་ལ་གཞི་བཅོལ་ནས་རང་བཙན་འཐབ་རྩོད་གནང་བ་རེད།
བཟང་སྤྱོད་དེ་དག་བདག་ཉིད་ཆེན་པོ་གཱན་དྷི་ཇི་ལ་མཚོན་ན་སྙིང་སྟོབས་ཤིག་ཡིན་པ་མ་གཏོགས་ཡིད་ཞུམ་པ་ཞིག་ལ་ངོས་འཛིན་ནམ་ཡང་གནང་མེད། སྤྱིར་ཁོང་ལ་མཚོན་ན་ནུབ་ཕྱོགས་སུ་ཁྲིམས་ཀྱི་སློབ་སྦྱོང་བྱས་པ་རེད། འོན་ཀྱང་ཕྱིས་སུ་རྒྱ་གར་རང་བཙན་རྩོད་སྐབས་ལུས་ལ་ན་བཟའ་དེའང་རྒྱ་གར་མི་མང་དཀྱུས་མ་ལྟར་མཆོད་ནས་རྒྱ་གར་སྲོལ་རྒྱུན་གྱི་འཚེ་བ་མེད་པའི་ལྟ་གྲུབ་ལ་ཡིད་ཆེས་བརྟན་པོ་གནང་ནས་འཐབ་རྩོད་གནང་ཡོད། འཚེ་བ་མེད་པ་ནི་སྤྱོད་ཚུལ་ཞིག་རེད། དེ་ནི་སྙིང་རྗེར་གཞི་བཅོལ་ནས་ཡོང་ཐུབ། ” ཅེས་བཀའ་ལན་སྩལ།
དེ་རྗེས་མོརྱཱ་ཚོགས་ཁང་Maurya Sheraton Convention Hall ཆེན་མོ་ཞེས་པའི་ནང་དུ་རྒྱ་གར་དཔལ་འབྱོར་དུས་བབ་the Economic Times ཅེས་པའི་གསར་ཤོག་ཚན་པའི་གོ་སྒྲིག་འོག རྒྱ་གར་འགོ་ཁྲིད་ལྷན་ཚོགས་Indian Leadership Councilཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཚོང་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་གྲངས་ ༡༠༠ ཙམ་ལ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་གལ་ཆེ་དང་། དེའི་ཐོག་ནས་མི་ཐེར་འབུམ་བདུན་ཡོད་པ་ཀུན་ལ་བྱམས་བརྩེའི་འདུ་ཤེས་སྤེལ་ཐུབ་རྒྱུ་སོགས་བཀའ་སློབ་སྩལ།
རྒྱ་གར་ཧིན་དུ་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་སྐུ་ཞབས་མ་ཧེཤ་བྷཌ་Mahesh Bhattལགས་ཀྱང་ལྷན་ཚོགས་སུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་དུ་བྱམས་བརྩེའི་བསླབ་བྱ་སྐྱོན་བཞིན་པའི་མཛད་བཟང་ལ་བསྔགས་བརྗོད་རྒྱ་ཆེ་ཞུས། མགོན་པོ་གང་ཉིད་ནས་ཀྱང་བོད་ལ་མཚོན་ན་དུས་རབས་ ༨ སྐབས་ནས་རྒྱ་གར་ནས་མཁན་ཆེན་ཞོ་བ་འཚོ་གདན་འདྲེན་ཞུས་ནས་ནང་ཆོས་དར་སྤེལ་མཛད་པ་སོགས་ལ་བརྟེན་ནས་བོད་མི་ཚོས་རྒྱ་གར་བླ་མ་དང་རང་ཉིད་རྒྱ་གར་གྱི་སློབ་མར་ངོས་འཛིན་ཞུ་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ།