ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་དབུ་མ་ལམ་གྱི་སྲིད་བྱུས་སྐོར་གློག་བརྙན་གསར་པ་ཞིག་དབུ་འབྱེད་གནང་ཡོད།
དེ་ཡང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི། ཕྱི་ལོ་ ༡༩༧༤ ནས་བཟུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་སེལ་ཏེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཆེད་འདོན་གནང་མཛད་པའི་སྲིད་བྱུས་ཤིག་ཡིན་པ་ཙམ་དུ་མ་ཟད། བོད་མི་ཚོས་ཡུན་རིང་ནས་སྲིད་བྱུས་དེའི་ཐོག་མང་གཙོའི་ལམ་ནས་གོ་བསྡུར་སྦྱང་བཤད་ལྷུག་པོ་གནང་རྗེས་ཚད་མཐོའི་རྒྱབ་སྐྱོར་འོག་གཏན་ལ་ཕབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཤིག་ཆགས་ཡོད།
སྲིད་བྱུས་དེ་ལ་བརྟེན་ནས་བོད་རྒྱ་མི་རིགས་གཉིས་དབར་ཡིད་ཆེས་བློ་འགེལ་ཐུབ་པའི་འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་དང་། བོད་རྒྱ་མི་རིགས་གཉིས་ཕན་ཚུན་འདྲ་མཉ་དང་མཐུན་འབྲེལ་གཞི་རྩར་བཟུང་བའི་ཐོག་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད། གློག་བརྙན་འདི་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག་དེང་དུས་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་སྐལ་ལྡན་ལགས་ཀྱིས་བཟོས་འདུག
དེ་ཡང་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ནང་དབང་སྒྱུར་བྱས་པར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་དང་། བཙན་བྱོལ་དུ་ཐོག་མར་འབྱོར་བའི་མི་རབས་རྒན་པ་རྣམས་རིམ་བཞིན་རྫོགས་ནས་ད་ཆ་མི་རབས་གཞོན་པ་གསར་སྐྱེས་ཚོས་མི་རིགས་ཀྱི་ལས་འགན་ཕྲག་པར་བླངས་ནས་འཐབ་རྩོད་ཀྱི་མེ་ལྕེ་བཟུང་ནས་མདུན་སྐྱོད་བྱེད་དགོས་པ་དེར་དམིགས་ནས་ཐེངས་འདིར་ཕྱི་དྲིལ་ལས་ཁུངས་ཀྱིས་གློག་བརྙན་གསར་པ་འདི་བཟོས་གནང་བ་ཞིག་རེད་འདུག
སྐར་མ་ ༡༨ ཅན་གྱི་གློག་བརྙན་འདིའི་ནང་བོད་མི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་བོད་རྒྱ་འབྲེལ་མོལ་གནང་བའི་ཉམས་མྱོང་དང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྒེར་གྱི་དགོངས་ཚུལ་གསུངས་ཡོད། ཕྱོགས་མཚུངས་བོད་ནང་དུ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་མིའི་ཆོས་དང་རིག་གཞུང་ལ་དམ་དྲག་ཇི་ལྟར་བྱས་པ་དང་། བོད་མི་ཚོས་རྒྱ་ནག་གཞུང་གི་དམ་དྲག་བྱས་མིན་ལ་མ་ལྟོས་པར་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་གྱོན་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་འཐབ་རྩོད་རྒྱུན་སྐྱོང་གནང་བཞིན་པ་གསལ།
སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་དེབ་གཅིག་རྒྱ་གར་རྒྱལ་ས་ལྡི་ལིར་དབུ་འབྱེད་གནང་ཡོད། དེབ་དེའི་མིང་བྱང་དུ། “བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་བོད་ཀྱི་གནད་དོན་གསལ་ཆེད་འོས་འཚམ་ལྡན་པའི་ཐབས་ལམ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཡིན།” ཞེས་བོད་ཨིན་རྒྱ་གསུམ་ནང་འདོན་སྤེལ་ཞུས་ཡོད།