ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལེཀ་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་ཆེན་གྱི་ཉིན་མོ་དང་བསྟུན། སུད་སི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྐུ་མགྲོན་གཙོ་བོ་སུད་སི་རྒྱལ་ཡོངས་ལྷན་ཚོགས་ཀྱི་འཐུས་མི་དང་ཛུ་རིག་མངའ་སྡེའི་འཐུས་མི་སྐུ་ཞབས་མ་རི་ཡི་ཕེར་ Mario Fehr མཆོག་དང་། གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ Mr Elmar Metzger མཆོག་སོགས་དང་། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། དེ་བཞིན་ས་གནས་བོད་མི་རྣམས་བཅས་ཕེབས་ཡོད།
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། བོད་མི་རྣམས་བཙན་བྱོལ་དུ་ལེན་མཁན་ཆེས་ཐོག་མ་ཡིན་པ་ཙམ་མ་ཟད། ཡུ་རོབ་མི་རིགས་ལས་གཞན་པའི་སྐྱབས་བཅོལ་བ་ལེན་མཁན་ཐོག་མ་དེའང་ཆགས་ཡོད། ད་ཆ་བཙན་བྱོལ་བོད་མི་ ༧༠༠༠ ལྷག་ཙམ་ལ་སུད་སི་གཞུང་གིས་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད། ཡུ་རོབ་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ས་སུད་སི་ཡུལ་འདི་ཡིན། ཞེས་སོགས་གསུང་པ་དང་།
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་བོད་ནང་སླར་ཡང་སྐྱིད་པའི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལར་༸ཞབས་སོར་འཁོད་དེ་གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་བཟང་པོ་ཞིག་མྱུར་དུ་ཤར་བ་དང་། སྐབས་དེར་སུ་སི་སྤུན་མཆེད་ཕོ་མ་རྣམས་བོད་ལ་འཚམས་གཟིགས་སུ་ངེས་ཕེབས་ཡོང་བ་ཞུ་རྒྱུ་ཡིན།
དེ་ནས་སྐུ་མགྲོན་རྣམས་ཀྱིས། བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཏུ་གནས་བཞིན་ཡོད་ཀྱང་སོ་སོའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་སོགས་མུ་མཐུད་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པར་བསྔགས་བརྗོད་རྒྱ་ཆེ་གནང་འདུག མཐར་སུད་སི་དང་ལེཀ་ཊེན་སི་ཊེན་བོད་རིགས་སློབ་ཕྲུག་རྣམས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་རྗེས་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་ཡོད་པ་བཅས། །