ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ ནས་ ༡༧ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྱིས་གཙོས་ཧོན་སུར་རབ་རྒྱས་གླིང་དང་། སྦེལ་ཀོབ་ལུགས་བསམ་དང་བདེ་སླར། ཀོ་ལི་གྷལ་དོན་ལྡན་གླིང་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ཡོད།
དེ་ཡང་བཀའ་བློན་མཆོག་ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྦེང་ལོར་དུ་ཕེབས་འབྱོར་སྐབས་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན། སྦེང་ལོར་ཁུལ་གྱི་བོད་རིགས་སློབ་ཕྲུག་ཚོགས་པ་ཁག་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༩ ཉིན་བཀའ་བློན་མཆོག་གིས་ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྟེ། ཀར་ན་ཌ་ཀ་མངའ་སྡེའི་ནང་བོད་མི་མང་དག་ཅིག་གནས་སྡོད་བྱེད་བཞིན་ཡོད་པའི་སྐོར་སྙན་སེང་དང་འབྲེལ་ད་བར་མངའ་སྡེའི་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་ ༦༠ ཙམ་རིང་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། མ་འོངས་པ་ཡིན་ནའང་མུ་མཐུད་སྔར་ལྟར་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སྐབས། མངའ་སྡེའི་བློན་ཆེན་མཆོག་གིས་དགའ་ཚོར་ཆེན་པོའི་སྒོ་ནས་ནང་སྲིད་བཀའ་བློན་མཆོག་ལ་ཕེབས་བསུ་དང་སྦྲགས་མངའ་སྡེ་གཞུང་གིས་ཀར་ན་ཌ་ཀ་མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ལ་འབྱུང་འགྱུར་རོགས་རམ་ཇི་འདྲ་ཞིག་གནང་དགོས་ཀྱང་དགའ་སྤྲོའི་ངང་གནང་ངེས་ཡིན་ཞེས་ཞལ་བཞེས་གནང་།
ཕྱི་ཚེས་ ༩ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་མི་མང་ཚོགས་འདུ་བསྐོང་ཚོགས་ཀྱིས་ཧོན་སུར་ཁུལ་གྱི་རྫོང་དཔོན་སོགས་ཀྱིས་གཙོས་ས་གནས་ཀྱི་དཔོན་རིགས་ཁག་གཅིག་མཉམ་ཞུགས་ཐོག་ཞིང་པ་རྣམས་ལ་ས་ཐོ་ལག་འཛིན་བགོ་འགྲེམས་གནང་ཡོད། ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ལ་ས་ཐོ་ལག་འཛིན་ཐོབ་པར་བརྟེན་ས་གནས་བོད་མི་སོ་ནམ་པ་རྣམས་ལ་རྒྱ་གར་དབུས་དང་ས་གནས་གཞུང་གི་ཟ་འབྲུའི་ཐོབ་ཐང་དང་གུན་གསབ་ཀྱི་ཐོབ་སྐལ་སོགས་རྒྱ་གར་གྱི་ཡུལ་མི་སྤྱི་མཚུངས་ལྟར་ཐོབ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༠ ཉིན་བཀའ་བློན་མཆོག་སྦེལ་ཀོབ་ལུགས་བསམ་དང་བདེ་སླར་གཉིས་ཀྱི་༸རྒྱལ་བའི་ཕོ་བྲང་ཉམས་བཟོའི་ལས་གཞི་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་མཛད་སྒོར་ལྷན་ཞུགས་ཞུགས་ཀྱིས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་། བཙན་བྱོལ་བོད་མི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་སོགས་ཀྱི་སྐོར་ངོ་སྤྲོད་དང་། བོད་མི་ནང་ཁུལ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཐོག་ནས་བོད་མིའི་བདེན་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་། ཉིན་རྒྱབ་གཞུང་ཞབས་བགྲེས་ཤག་གསར་རྒྱག་ལེགས་གྲུབ་བྱུང་བ་ ༥ བགོ་འགྲེམས་གནང་།
ཕྱོགས་མཚུངས་ཕྱི་ཚེས་ ༡༡ ཉིན་མངའ་སྡེ་གཞུང་གི་སྦེལ་ཀོབ་ཀ་ཝེ་རི་འཐུང་ཆུའི་ལས་གཞི་དང་། ཉིན་རྒྱབ་ས་གནས་སུ་ནང་སྲིད་ལས་ཁུངས་དང་འབྲེལ་བའི་ལས་གཞི་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། ཕྱི་ཚེས་ ༡༢ ཉིན་སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་རྒས་གསོ་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་པའི་དབུ་འབྱེད་དང་། བོད་ནས་གསར་དུ་ཕེབས་པ་རྣམས་ཀྱི་སྡོད་ཁང་གསར་རྒྱག་ལས་གཞིར་གཟིགས་ཞིབ་གནང་རྗེས་བཞུགས་མོལ་ཚོགས་འདུ་ཚོགས་ཡོད།
དེ་རྗེས་བཀའ་བློན་མཆོག་དབུ་བཞུགས་ཐོག་ས་གནས་ཀྱི་ལས་བྱེད་རྣམ་པ་དང་། དགོན་པ་ཁག་གི་མཁན་པོ་རྣམ་པ། ཚོགས་པ་སྐྱིིད་སྡུག་ཁག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། གཞིས་ཆགས་ཀྱི་བརྒྱ་དཔོན་རྣམ་པ་སོགས་འདུ་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་ཐུགས་རྗེ་བཀའ་དྲིན། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉེ་ཆར་ཕྱི་རྒྱལ་ཡུལ་གྲུ་ཨ་རི་དང་ཁེ་ན་ཌ་སོགས་ཀྱི་ནང་ཕྱོགས་ཕེབས་ཀྱིས་རོགས་དངུལ་ཐོབ་པའི་སྐོར། དཔལ་འབྱོར་ལས་ཁུངས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་། བོད་མིའི་སྒྲིག་འཛུགས་ཀྱིས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ལ་དམིགས་ཏེ་སློབ་ཡོན་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་ཆེད་ལས་ཤག་ཁག་འཛུགས་སྐྲུན་གནང་དང་བཞིན་པ་བཅས་དོན་ཚན་ཁག་བདུན་གྱི་སྐོར་གསུང་བཤད་ཞིབ་རྒྱས་གནང་ཡོད།
ཕྱི་ཚེས་ ༡༣ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་མང་ཚོགས་ལ་གསུང་བཤད་གནང་ཡོད། ཕྱི་ཚེས་ ༡༤ ཉིན་སྦེང་ལོར་དུ་ཕེབས་ཐོན་གྱིས་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་འཚམས་གཟིགས་དང་མ་འོངས་ཕུགས་འཕེར་ལས་འཆར་ཁག་ལ་ཐུགས་ཞིབ་གནང་སྟེ་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་ཡོད་པ་བཅས། །