ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ ནས་ ༡༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། སྦེང་ལོར། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཧོན་སུར་རབ་རྒྱས་གླིང་དང་། སྦེལ་ཀོབ་ལུགས་བསམ་དང་བདེ་སླར། ཀོ་ལི་གྷལ་དོན་ལྡན་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་བཀའ་བློན་མཆོག་ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༦ ཉིན་ལྡི་ལིར་གནད་ཡོད་མི་མཇལ་འཕྲད་དང་། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་སྦེང་ལོར་ཕེབས་ཐོན་གྱིས་ཕྱི་ཚེས་ ༨ ཉིན་ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྟེ། ལྷོ་སྤྱི་ལས་ཁུངས་དང་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམས་ཀྱི་ལོ་འཁོར་རྒྱུན་གྲོན་དང་། འཛུགས་སྐྲུན་ལས་འཆར་ཁག་རྒྱུན་གནས་ཐུབ་པའི་སྔོན་རྩིས་འཆར་འབུལ་མངའ་སྡེ་གཞུང་གི་སྔོན་རྩིས་ནང་འཇོག་ཐབས་དེ་སྔ་ཞུ་སྙན་ཕུལ་ཡོད་པར་མཇུག་སྐྱོང་གནང་རྒྱུ། ཕྱི་ཚེས་ ༩ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་མི་མང་ཚོགས་འདུ་སྐབས་རྫོང་དཔོན་ལས་རོགས་ཀྱིས་གཙོས་ས་གནས་ཀྱི་དཔོན་རིགས་ཁག་གཅིག་མཉམ་ཞུགས་ཐོག་ཞིང་པ་རྣམས་ལ་ས་ཐོ་ལག་འཛིན་བགོ་འགྲེམས་གནང་རྒྱུ།
ཕྱི་ཚེས་ ༡༠ ཉིན་སྦེལ་ཀོབ་ལུགས་བསམ་དང་བདེ་སླར་གཉིས་ཀྱི་༸རྒྱལ་བའི་ཕོ་བྲང་ཉམས་བཟོའི་ལས་གཞི་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་མཛད་སྒོར་ལྷན་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༡ ཉིན་མངའ་སྡེ་གཞུང་གི་སྦེལ་ཀོབ་ཀ་ཝེ་རི་འཐུང་ཆུའི་ལས་གཞི་མཇུག་སྒྲིལ་བའི་མཛད་སྒོ་སྐབས་མངའ་སྡེའི་དཔོན་རིགས་ཁག་གཅིག་དང་ལྷན་འཐུང་ཆུའི་ལས་གཞི་སྒོ་འབྱེད་མཛད་སྒོར་ལྷན་ཞུགས་གནང་རྒྱུ་དང་། ཉིན་རྒྱབ་ས་གནས་སུ་ནང་སྲིད་ལས་ཁུངས་དང་འབྲེལ་བའི་ལས་གཞི་ཁག་ལ་རྟོག་ཞིབ་གནང་རྒྱུ།
ཕྱི་ཚེས་ ༡༢ ཉིན་སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་རྒས་གསོ་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོར་ཕེབས་རྒྱུ་དང་། ཉིན་རྒྱབ་བཞུགས་མོལ་ཚོགས་འདུ་འཚོགས་རྒྱུ། ཕྱི་ཚེས་ ༡༣ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་མི་མང་ཚོགས་འདུ་འཚོགས་རྒྱུ། ཕྱི་ཚེས་ ༡༤ ཉིན་སྦེང་ལོར་དུ་ཕེབས་ཐོན་གྱིས་ནི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་འཚམས་གཟིགས་དང་མ་འོངས་ཕུགས་འཕེར་ལས་འཆར་ཁག་ལ་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག་པ་བཅས། །