ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་དཔལ་ས་སྐྱ་ཁྲི་འཛིན་ ༤༢ རཏྣ་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༢༧ དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༧ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣ བར་འཚོགས་བཞིན་ཡོད།
ཕྱི་ཚེས་ ༣༠ ཕྱེད་ཡོལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་བཅས་ཐོག་མར་དཔལ་ས་སྐྱ་ཁྲི་འཛིན་མཆོག་ལ་མཇལ་ཁ་ཞུས་ཏེ་སྨོན་ལམ་དུ་ལྷན་ཞུགས་གནང་འདུག
སྤྱིར་ཐེངས་འདིར་ས་སྐྱའི་སྨོན་ལམ་ཆེན་མོའི་སྐབས་སུ་དཔལ་ས་སྐྱའི་གདན་ས་ཁག་གཙོ་བོར་གྱུར་བའི་རྒྱ་བལ་འབྲུག་གསུམ་ནང་གི་ས་སྐྱའི་བཤད་གྲྭ་ཁག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་གྲྭ་བཙུན་མི་མང་གྲངས་ ༤༠༠༠ ལྷག་འདུ་འཛོམས་གནང་འདུག་པ་བཅས།