༢༠༡༨ ཟླ་ ༡༢ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་མི་ཚེ་ཧྲིལ་པོའི་རིང་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཆབ་སྲིད་བཙོན་ཟུར་དགུང་གྲངས་ ༨༧ ཕེབས་པ་དཔལ་ལྡན་རྒྱ་མཚོ་མཆོག་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ དང་སྐར་མ་ ༡༠ ཐོག་རྡ་སར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་གཅེས་པ་ཞིང་གཤེགས་མཆོག་ལ་མྱ་ངན་གུས་འདུད་ཞུས་གནང་འདུག
དེ་ཡང་དམ་པ་ཁོང་ནི་རྒྱ་ནག་གི་བཙོན་ཁང་ནང་མི་ལོ་ ༣༣ རིང་དཀའ་སྡུག་མནར་གཅོད་ཚད་མེད་མྱངས་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་བཙོན་ཁང་ནས་གློས་བཀྲོལ་བྱུང་རྗེས་རྒྱལ་སྤྱིའི་ཁྱོན་དུ་ཁོང་གི་བློས་གཏོང་ལ་བསྔགས་བརྗོད་རྒྱ་ཆེ་ཐོབ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། རྒྱལ་གཅེས་པ་དཔལ་ལྡན་རྒྱ་མཚོ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ང་ཚོར་བློ་ཕམ་ཧ་ཅང་བྱུང་། རྒྱལ་གཅེས་པ་དམ་པ་ཁོང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོའི་རིང་དཀའ་སྡུག་ཧ་ཅང་མྱངས་ཡོད། འཛམ་གླིང་ཁྱོན་དུ་སྐྱེ་བུ་མཆོག་དམན་ཀུན་གྱིས་དམ་པ་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་ལྡན་པའི་བློ་གཏོང་ལ་ངོ་མཚར་དང་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེ་གཏོར་བཞིན་ཡོད། ང་རང་སྒེར་ལ་མཚོན་ན་དམ་པ་ཁོང་དང་ལྷན་མི་ལོ་ ༢༠ རིང་ངོ་ཤེས་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྲིམ་ཁང་International Commission of Jurists གི་”བོད་ནང་གི་ཁྲིམས་ལུགས་དབང་སྒྱུར་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།” ཞེས་པའི་སྙན་ཐོའི་ཆེད་དུ་དམ་པ་ཁོང་ལ་ངས་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ༢༠༠༠ ལོར་ཨ་རིའི་ནིའུ་ཨིང་ལེན་ New England ས་ཁུལ་དུ་ཆབ་སྲིད་དྲིལ་བསྒྲགས་སྐོར་སྐྱོད་ཆེད་ཕེབས་སྐབས་གསུང་སྒྱུར་ཞུ་རྒྱུ་དང་། གཞན་ཡང་སྐོར་སྐྱོད་སྐབས་བོད་དོན་གཏམ་བཤད་སྤེལ་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང་། དམ་པ་ཁོང་ལ་ཁེ་ན་ཌའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་John Humphrey Freedom Award ཞེས་པའི་གཟེངས་རྟགས་ཕུལ་འདུག
རྒྱལ་གཅེས་པ་དམ་པ་ཁོང་གོས་སྐུ་ཚེ་ཧྲིལ་པོ་བོད་དོན་ཆེད་བློས་གཏོང་གནང་ཡོད། དེར་བརྟེན་ང་ཚོས་དམ་པ་ཁོང་གི་བློས་གཏོང་བ་དེར་མིག་དཔེར་བཟུང་ནས་བོད་དོན་ཆེད་ལྷག་བསམ་དང་སྙིང་སྟོབས་སྲ་བརྟན་རྒྱུན་སྐྱོང་འོག་བོད་དོན་བདེན་མཐའ་མ་གསལ་བར་འབད་བརྩོན་མུ་མཐུད་བྱ་རྒྱུའི་ཆོད་སེམས་སྔར་ལྷག་སྐྱེ་ཐུབ་པ་བྱེད་དགོས།
དེ་ཡང་དམ་པ་ཁོང་ནི་བོད་དབུས་ཁུལ་པ་སྣམ་རྫོང་དུ་འཁྲུངས་ཤིང་། རབ་ཏུ་བྱུང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དབང་སྒྱུར་བྱེད་པའི་དུས་སྐབས་འཁེལ་ཡོད། དེ་ནས་རིམ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཙན་ཤུགས་ཇེ་ཆེར་ཕྱིན་ནས་མཐར་ཕྱི་ལོ་ ༡༩༥༩ ལོར་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་དབྱེ་བ་མེད་པས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་སྒེར་ལངས་བྱེད་སྐབས་རྒྱལ་གཅེས་པ་ཁོང་འཛིན་བཟུང་བཙོན་འཇུག་བྱས་ནས་ངལ་རྩོལ་སྒྱུར་བཀོད་འོག་ལུས་སེམས་གཉིས་ཀར་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱངས་པ་དང་། བཙོན་ཁང་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་མཚོན་ན་དམྱལ་བ་མི་ཡུལ་དུ་མྱངས་པ་ལྟ་བུའི་དཀའ་སྡུག་ཚད་མེད་མྱངས་རྗེས་ལོ་ངོ་ ༣༢ རྗེས་ཏེ་ཕྱི་ལོ་ ༡༩༩༢ ལོར་བཙོན་བཀྲོལ་ཐོབ་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད།
རྒྱ་གར་དུ་ཕེབས་ནས་ཀྱང་ས་གནས་འདྲ་མིན་ནང་བོད་དོན་སྤྱི་དང་། ལྷག་པར་རྒྱ་ནག་གི་བཙོན་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་འདས་སོན་ཡོངས་ཀྱི་ངོ་ཚབ་ལྟ་བུ་བྱས་ནས་གཏམ་བཤད་གནང་བ་དང་། བོད་ནང་གི་གནས་སྟངས་སྐོར་གྱི་གསར་འགྱུར་ལས་རིམ་ཚན་པ་འདྲ་མིན་གྱི་དྲི་བར་ལན་འདེབས་གནང་བ་མ་ཟད། ལས་འགུལ་དེ་དག་སྤེལ་སྐབས་རྒྱ་ནག་གཞུང་གིས་བཙོན་ཁང་དུ་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་གཏོང་རྒྱུའི་ལག་ཆ་འདྲ་མིན་དེ་སྔ་བཙོན་ཁང་ནས་ལྐོག་ཏུ་འཁྱེར་ཡོད་པ་དེ་དག་རྒྱལ་སྤྱིའི་མང་ཚོགས་རྣམས་ལ་གསལ་བཏོན་གནང་ཡོད། ལྷག་པར་དམ་པ་ཁོང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་ཉན་ཞིབ་སྐབས་གཏམ་བཤད་ཤུགས་ཆེ་སྤེལ་གནང་ཡོད།
དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་་”ཁ་བའི་འོག་གི་མེ་ལྕེ།” ཞེས་པ་ཕྱི་ལོ་ ༡༩༩༨ ལོར་འགྲེམས་སྤེལ་གནང་བ་དེ་སྐད་ཡིག་ ༢༨ ནང་ཕབ་སྒྱུར་བྱས་པ་མ་ཟད། ད་ཕན་དེབ་གྲངས་ས་ཡ་གཅིག་ལྷག་ཚོང་ཟིན་འདུག དེ་བཞིན་དམ་པ་ཁོང་གི་རང་རྣམ་ཞིག་ཕྱི་ལོ་ ༡༩༩༧ ལོར་བཏོན་པ་དང་། ཕྱི་ལོ་ ༢༠༠༨ ལོར་དམ་པ་ཁོང་གི་སྐུའི་ལོ་རྒྱུས་སྐོར་གྱི་དེབ་ “ཁ་བའི་འོག་གི་མེ་ལྕེ་” ཞེས་པ་དེར་གཞི་བཅོལ་ནས་དངོས་བྱུང་གློག་བརྙན་ཞིག་ཀྱང་བཟོས་འདུག །