ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུར་བཅར་མཁན་དད་ལྡན་སྟོང་ཕྲག་བརྒལ་བའི་བདེ་སྡུག་ལ་གཙོ་བོར་དམིགས་ཏེ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་༡༢ ཚེས་ ༡༩ ནས་ ༢༠༡༩ ཟླ་ ༡ ཚེས་ ༤ ཁུལ་དེར་འཕྲོད་བསྟེན་སྨན་སྒར་ཞིག་བཙུགས་ནས་འབྲེལ་ཡོད་ལས་བྱེད་དང་སྨན་པ། སྨན་ཞབས་པ། ཁ་ལོ་པ་བཅས་ཁྱོན་གྲངས་ ༡༤ ཞབས་ཞུར་བཅར་འདུག
དེ་ཡང་འབྲེལ་ཡོད་ལས་བྱེད་ཀྱིས་གསུང་པ་ལྟར་ན། ད་བར་ཉི་མ་རེ་ལ་ནད་པ་གྲངས་ ༤༠༠ ནས་ ༥༠༠ བར་རིན་མེད་སྨན་བཅོས་དང་སྨན་སྦྱིན་གྱི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད་འདུག
དེ་བཞིན་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་བཞི་དང་སྨན་སྤྲོད་པ། རྩིས་པ་བཅས་གྲངས་ ༡༢ ནས་ཉི་མ་རེ་ལ་ནད་པ་གྲངས་༡༢༠ ཙམ་ལ་སྨན་བཅོས་དང་སྨན་སྦྱིན་གྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་རེད་འདུག ཕྱོགས་མཚུངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དང་བླངས་པ་མི་གྲངས་ ༨༥ ཙམ་ནས་དད་ལྡན་ཆོས་ཞུ་བ་ཚོར་ཛ་དྲག་གི་མི་གྲོངས་པ་དང་། ནད་པ་ཆགས་པ་སོགས་ལ་དུས་ཐོག་སྨན་བཅོས་ཀྱི་མཐུན་འགྱུར་སྦྱོར་ཐབས་གནང་བཞིན་པ་མ་ཟད། ཁོར་ཡུག་གཙང་བཟོའི་ལས་གཞི་སོགས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་འདུག
དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འབྲེལ་ཡོད་ལས་བྱེད་གྲངས་ ༡༡ ཙམ་ནས་དེ་སྔ་རྒྱ་ནག་གིས་བོད་དབང་སྒྱུར་མ་བྱས་གོང་དང་། དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པའི་རྗེས་ཀྱི་གནས་སྟངས་སྐོར་པར་རིས་འགྲེམས་སྟོན་གནང་བཞིན་པ་དེར་ཕྱི་རྒྱལ་ཆོས་ཞུ་བ་ཚོས་དོ་སྣང་ཧ་ཅང་ཆེན་པོ་གནང་གི་ཡོད་པ་བཅས། །