ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ལ་བཅར་མཁན་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་དམིགས་ཏེ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་ནས་རིན་མེད་སྨན་སྒར་འགོ་འཛུགས་གནང་སྟེ་སྨན་བཅོས་ཀྱི་ཞབས་འདེགས་ཞུས་དང་ཞུ་མུས་ཡིན།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་གཉིས་དང་། སྨན་པ་གཉིས། སྨན་ཞབས་པ་བརྒྱད། ཁ་ལོ་པ་གཉིས་བཅས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་རིན་མེད་སྨན་སྒར་བརྒྱུད་ནད་པ་རྣམས་ལ་སྨན་པ་བསྟེན་གཏུགས་དང་། རིན་མེད་སྨན་སྦྱིན། མྱུར་སྐྱོབ་རླངས་འཁོར་སོགས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད། ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ཀྱི་རིན་མེད་སྨན་སྒར་ནས་ནད་པ་གྲངས་ ༡༥༠ ལྷག་ལ་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་དང་། འཕྲོད་བསྟན་ལས་ཁུངས་ཀྱི་རིན་མེད་སྨན་སྒར་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༤ བར་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་བཅས། །