༢༠༡༨ ཟླ་ ༡༢ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་བཙུགས་ནས་ལོ་ངོ་ ༡༠ འཁོར་བར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་སྩལ་དོན།
” ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས། འགྲོ་བ་མི་སྤྱི་སྒེར་ཀུན་ལ་ཁྱབ་པའི་རང་དབང་སྲུང་སྐྱོབ་གོང་འཕེལ་ཆེད་འབད་བརྩོན་གནང་ནས་ལོ་བཅུ་འཁོར་བའི་ཉིན་མོ་འདིར་ངོས་ཀྱིས་དགའ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུ་བཞིན་ཡོད།
སྐུ་ཞབས་ཊོམ་ལེན་ཊོ་སི་དམ་པ་མཆོག་དང་ཇོན་ཨེཌ་ཝཌ་པོར་ཊར་ John Edward Porter མཆོག་གིས་གསར་འཛུགས་གནང་བའི་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེར་ཨ་རིའི་གྲོས་ཚོགས་ནས་ཕྱི་ལོ་ ༢༠༠༨ ལོར་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་། ཞེས་དམ་པ་ཁོང་གི་མཚན་ཐོག་ཏུ་གསར་འཛུགས་གཏན་འབེབས་གནང་ཡོད། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཚོགས་ཆུང་གིས་ངོས་ལ་ཞི་བའི་དོན་ཚན་ལྔ་གསལ་བསྒྲགས་བྱ་རྒྱུའི་གྲོས་ཚོགས་ཀྱི་ཆེ་མཐོང་ལྡན་པའི་སྡིངས་ཆ་ཞིག་གནང་བྱུང་། ཨ་རི་ནི་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དང་། མིའི་རྣམ་དཔྱོད་ཀྱི་རིག་རྩལ་སྲུང་སྐྱོབ་དར་འཕེལ་གནང་མཁན་གཙོ་བོ་ཞིག་ཡིན་པར་ངོས་ཀྱིས་དུས་རྟག་ཏུ་ངོས་འཛིན་ཞུ་བཞིན་ཡོད།
ཨ་རི་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་དང་། འཛམ་གླིང་ཁྱོན་དུ་ཞི་བདེ་གོང་འཕེལ་གཏོང་ཆེད་རླབས་ཆེན་གྱི་ཞབས་འདེགས་ཞུ་མཁན་ཞིག་ཡིན། ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་འཛམ་གླིང་ཁྱོན་དུ་དབང་འཛིན་པ་ཚོས། གང་ཟག་སྒེར་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེ་དག་གསལ་འདོན་གནང་བཞིན་པ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད།
གཞན་གྱི་དབང་སྒྱུར་འོག་བོད་མི་རྣམས་རང་ཡུལ་དུ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དཀའ་སྡུག་མྱོང་བཞིན་པ་རྣམས་ཚོགས་ཆུང་གིས་གསལ་འདོན་གནང་བཞིན་པར་ངོས་ཀྱིས་བཀའ་དྲིན་སྙིང་བཅང་ཞུ་བཞིན་ཡོད། ཁྱེད་རྣམ་པའི་རྒྱབ་སྐྱོར་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་རྣམས་རྗེད་མེད་པའི་བརྡ་ལན་ཤུགས་ཆེ་ཞིག་གཏོང་བཞིན་པ་མ་ཟད། རྒྱ་ནག་འགོ་ཁྲིད་ཚོ་ལའང་། བོད་མི་ཚོའི་ཐོབ་ཐང་དང་ཆེ་མཐོང་ལ་བརྩི་བཀུར་མ་བྱས་པ་དེ་སྲིད་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་ཆེ་མཐོང་བྱས་ན་བསམ་པ་དེ་རེ་སྟོང་ཞིག་ཆགས་རྒྱུ་རེད།
འགྲོ་བ་མི་སུ་འདྲ་ཞིག་ཡིན་ཡང་སྐྱེ་ཙམ་ཉིད་ནས་རང་དབང་དང་འདྲ་མཉམ། ཆེ་མཐོང་ལྡན་པའི་མི་ཚེ་ཞིག་སྐྱེལ་རྒྱུའི་འདུན་པ་བློ་ལྷན་སྐྱེས་སུ་ཡོད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་ནི་འགྲོ་བ་མི་རིགས་ཀུན་ལ་ཁྱབ་པའི་རིན་ཐང་ཞིག་རེད། དེར་བརྟེན་ངོས་ཀྱི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim Mcgovern མཆོག་དང་། རེན་ཌི་ཧལ་གི་རེན་ Randy Hultgren མཆོག་གིས་གཙོས་འདས་དང་ད་ལྟའི་ཚོགས་མི་ཡོངས་ཀྱིས་དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེའི་སེམས་འཚབ་ཐོག་ནས་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེང་སྐབས་འཛམ་གླིང་ནང་བཟང་སྤྱོད་དང་ཆོས་ལུགས་ཀྱི་རིན་ཐང་སླར་གསོའི་འོག རྩོད་རྙོག་རྣམས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཏེ། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་ཐུབ་རྒྱུར་རེ་ལྟོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོས་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་དམིགས་ནས་རང་དབང་དང་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་པའི་འཆར་སྣང་ཞིག་ངེས་པར་འཛིན་དགོས། དམིགས་ཡུལ་དེ་བསྒྲུབ་ཆེད་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་འབད་བརྩོན་གནང་བཞིན་པ་དེ་དག་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།” ཞེས་འཁོད།
སྤྱིར་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོམ་ལེན་ཊོ་སི་ Tom Lantos དམ་པ་མཆོག་དང་། སྐུ་ཞབས་ཇོན་ཨེཌ་ཝ་ཌི་ John Edward Porter མཆོག་རྣམ་གཉིས་ཀྱིས། ཕྱི་ལོ་ ༡༩༨༣ ལོར་གསར་འཛུགས་གནང་བ་ཞིག་ཡིན་འདུག་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གྲོས་ཚོགས་ནས་སྐུ་ཞབས་ Tom Lantos དམ་པ་དེ་ཉིད་ཀྱི་མཚན་ཐོག་ནས་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཞེས་མཚན་བསྒྱུར་གནང་ཡོད་པ་བཅས།།
༼ གསུང་འཕྲིན་ངོ་མ་ཨིན་ཡིག་ནས་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིག་ཡིག་ལ་རྩ་འཛིན་ཡོང་བ་ཞུ། ༽