༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་དང་། ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པའི་རྒྱལ་ཡོངས་གསོ་བ་རིག་པ་ཉམས་ཞིབ་བསྟི་ཁང་ཐུན་མོང་གི་གོ་སྒྲིག་འོག་གསོ་བ་རིག་པ་ཡར་རྒྱས་དང་། སྲུང་སྐྱོབ་ཐོག་འཆར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་ཡོད།
ཕྱི་ཚེས་ ༡༢ ཉིན་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། རྒྱ་གར་དབུས་གཞུང་གི་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ཀྱི་ངེས་སྟོན་པ་ Shri Franklin L.Khobung ལགས་དང་སློབ་སྟོན་པ་Shri D.C. Katoch ལགས། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་ངེས་སྟོན་པ་བཀྲ་ཤིས་ལགས། བླ་མ་ཆོས་འཕེལ་བཟོད་པ་ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་མ་གླིང་སྒམ་པོ་ལགས། གཞན་ཡང་ལ་དགས་མཚན་ཉིད་སློབ་གྲྭ། ཝར་ཎ་དབུས་བོད་ཀྱི་ཆེས་མཐོ་གཙུག་ལག་སློབ་གཉེར་ཁང་། རྡ་ས་དབུས་སྨན་རྩིས་ཁང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སོགས་ཀྱི་འགན་འཛིན་དང་། སྨན་པ། སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༡༢༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་བརྒྱུད་འགྲོ་བ་མི་རིགས་སྤྱི་ལ་ཞབས་འདེགས་རླབས་ཆེན་སྒྲུབ་དགོས་པའི་སྐོར་དང་། ནད་རིགས་སྔོན་འགོག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། རྒྱ་གར་དབུས་གཞུང་གི་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ནས་ད་བར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་གསོ་བ་རིག་པའི་སྐོར་ཉམས་ཞིབ་དང་བགྲོ་གླེང་གཏིང་ཟབ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།