ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན་ཨོ་སི་ཊི་ལི་ཡའི་རྒྱལ་ས་ཁན་བྷེ་ར་Canberra ལ་ཕེབས་འབྱོར་སྐབས་ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱིས་གཙོས་ཁེན་བྷེ་ར་དང་། སིཌ་ནི། མེལ་བྷོན་སོགས་ཀྱི་ཁུལ་དུ་གནས་སྡོད་བོད་མི་ཚོས་ལག་ཏུ་མཇལ་དར་བསྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༥ ཉིན་ཨོ་སི་ཊི་ལི་ཡ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཨོ་སི་ཊི་ལི་ཡ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་དང་། ས་གནས་ཀྱི་གནད་ཡོད་མི་སྣ་དང་ཐུག་འཕྲད། བོད་རིགས་མང་ཚོགས་ལ་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱིས། ཨོ་སི་ཊི་ལི་ཡའི་ནང་བོད་མི་ ༢༥༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་། དཔལ་ལྡན་སྲིད་སྐྱོང་མཆོག་ཨོ་སི་ཊི་ལི་ཡའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་བཅས། །