ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་བ་ ༡༢ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་གསུང་རའི་ནང་། དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ། ཁྲི་ཟུར་རི་རྫོང་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཀུན་བདེ་གླིང་རིན་པོ་ཆེ། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ། གླིང་རིན་པོ་ཆེ། འབྲས་སྤུངས་ཁྲི་པ་རིན་པོ་ཆེ། སྟག་འཚེར་རིན་པོ་དང་། འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ། དགོན་སྡེ་ཁག་གི་མཁན་པོ་ལས་ཟུར་རྣམ་པ་དང་། བླ་སྤྲུལ་དགེ་བཤེས་དང་། སྐྱ་སེར། ཕྱི་རྒྱལ་བ་སོགས་རྒྱལ་ཁབ་ ༧༡ ནས་དད་ལྡན་ཆོས་ཞུ་བ་ད་བར་མཚན་ཐོ་དེབ་འགོད་བྱུང་བ་ལྟར་ན་ཁྱོན་མི་གྲངས་ ༡༤༥༨༠ ཕེབས་པ་རྣམས་ལ་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད་འདུག
དེ་ཡང་ཐོག་མར་པཱ་ལིའི་སྐད་ཀྱི་ཐོག་ནས་བཀྲ་ཤིས་པའི་མདོ་དང་། རྒྱ་གར་བའི་སློབ་ཕྲུག་ཁག་ཅིག་ནས་ལེགས་སྦྱར་སྐད། དེ་བཞིན་རྒྱ་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་ནས་བཀའ་སློབ་སྩལ་བའི་སྙིང་པོར་ད་ཆ་དུས་རབས་ཉེར་གཅིག་པ་འདིར་ཕྱི་དངོས་པོའི་མཐུན་རྐྱེན་རྐྱང་པའི་ཐོག་ནས་ནས་བདེ་སྐྱིད་ལྡན་པ་ཡོང་ཐུབ་ཀྱི་མེད་པར་བརྟེན་ནང་གི་བསམ་བློའི་ཐོག་ནས་དོན་དམ་བདེ་སྐྱིད་བསྐྲུན་ཐུབ་པ་དང་། ཆོས་ཁས་ལེན་མིན་མི་སྒེར་སོ་སོའི་རང་དབང་ཡིན་ཡང་། མི་ཚེ་སྐྱིད་པ་ཞིག་དགོས་ན་བྱམས་བརྩེ་ལྡན་པ་ཞིག་ངེས་པར་བྱེད་དགོས་པ་སོགས་རླབས་ཆེན་ཐུགས་སྐྱེད་མཛད་འགན་གཙོ་བོ་བཞིའི་སྐོར་རིམ་བཞིན་བཀའ་སློབ་སྩལ། ཆོས་ལུགས་མཐུན་འབྲེལ་སྐོར་བླང་དོར་བཀའ་སློབ་སྩལ་དོན། མིའི་ཁམས་དང་མོས་པ། བསམ་པ། བག་ལ་ཉལ་སོགས་མི་འདྲ་བ་ཡོད་པར་བརྟེན་ཆོས་ལུགས་མི་འདྲ་བ་དེ་དག་འབྲེལ་བ་ཡོད་པ་ཞིག་དང་། མིར་དགོས་དང་ཕན་ཐོགས་ཡོད་པ་ཞིག་ཀྱང་རེད། འཇིག་རྟེན་བཀོད་པ་པོ་འདོད་མིན་གྱི་ལྟ་གྲུབ་ཀྱི་རྣམ་གཞག་སོགས་ཆོས་ལེན་མིན་རང་དབང་ཡིན་ནའང་འགྲོ་བ་མི་ཞིག་ཡིན་ཕྱིན་བྱམས་བརྩེ་ངེས་པར་དུ་དགོས་པ་དང་། འཆམ་མཐུན་གྱི་རྩ་བ་བྱམས་བརྩེ་ཡིན་ཚུལ། བྱམས་བརྩེའི་གལ་གནད་དང་ཕན་ཡོན། དཔལ་ནཱ་ལེནྡྲའི་ཕྱག་སྲོལ་སངས་རྒྱས་ཀྱི་བསྟན་པ་འདུལ་བ་རྨང་གཞིར་འཛིན་ཐོག་དབུ་ཚད་སེངྒེ་མཇིང་སྣོལ་གྱི་འགྲོ་ལུགས་ལྟ་བུ་བོད་པ་ལས་གཞན་པའི་རྒྱལ་ཁབ་གཞན་ལ་མེད་ཚུལ་དང་། དེ་སྔ་དུས་རབས་ ༧ སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཡིག་གསར་བཟོ་དང་ནང་པ་སངས་རྒྱས་པའི་བསྟན་པའི་སྲོལ་གཏོད་དེ་ཐོན་མིས་བཀའ་བསྟན་ལེགས་སྦྲ་ནས་བོད་སྐད་དུ་བསྒྱུར་བ་དང་། དེ་ནས་དུས་རབས་ ༨ སྐབས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ནཱ་ལེནྡྲའི་མཁས་པའི་ཁྱུ་མཆོག་མཁན་ཆེན་ཞི་འཚོ་བོད་དུ་གདན་དྲངས་ནས་བསྟན་པ་དར་ཞིང་རྒྱས་པར་མཛད་པ་སོགས་བཀའ་སློབ་སྩལ།
ཆོས་འབྲེལ་དངོས་གཞི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་སྐབས་ཐོག་མར་ཀུན་སློང་བཅོས་དགོས་ཚུལ་དང་། དེ་ཡང་སངས་རྒྱས་ཆོས་ཚོགས་མའི་ཐོག་ནས་ཀུན་སློང་བཅོས་པ་སྔོན་དུ་བཏང་སྟེ། རྒྱལ་སྲས་ཐོགས་མེད་བཟང་པོས་དངུལ་ཆུའི་རིན་ཆེན་ཕུག་ཏུ་མཛད་པའི་ཚིགས་སུ་བཅད་པ་ ༣༧ ཅན་གྱི་བདག་ཉིད་རྒྱལ་སྲས་ལག་ལེན་སོ་བདུན་མའི་གཟིགས་དཔེ་དེ་ཉིད་ལྷ་བཙུན་རིན་པོ་ཆེས་དཔར་བྱང་སྨོན་ཚིག་དང་བཅས་པ་མཛད་དེ། མགོན་པོ་གང་ཉིད་ལ་ཕྱག་དཔེ་འབུལ་འབྱོར་བྱུང་བ་ལྟར་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་བཤད་ལུང་གི་རྒྱུན་གསན་བཞེས་མཛད་ཚུལ་གསུངས།
དེ་རྗེས་ཆུ་ཚོད་ ༡༠ སྐར་མ་ ༣༥ ནས་ཚད་མ་རྣམ་འགྲེལ་གྱི་མཆན་འགྲེལ་ལས། མཆོད་བརྗོད་དང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་ཐར་སྐོར་བཀའ་ཁྲིད་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་འཚེ་བ་མེད་པའི་ལྟ་སྤྱོད་ཀྱི་ལམ་ནས་ཕྱི་རོལ་པའི་རྒོལ་ངན་ཚར་བཅད་ཚུལ་གྱི་ཐུན་མོང་མ་ཡིན་པའི་སྐོར་བཀའ་སློབ་སྩལ་ཏེ་ཉིན་དང་པོའི་བཀའ་ཆོས་ལེགས་པར་གྲུབ།
བཀའ་ཆོས་འདི་ཉིད་གཙོ་བོ་ཨིན་ཇི་དང་། དེ་མིན་ཧིན་སྐད། ཀོ་རི་ཡ། སི་པན། ཕ་རན་སི། ར་ཤི་ཡ། ཝི་ཏི་ནམ། ཨི་ཊ་ལི། པོར་ཏུ་གྷལ། སོག་པོ། རྫོང་ཁ་སྟེ་འབྲུག་པའི་སྐད་བཅས་སྐད་རིགས་བཅུ་གཉིས་ནང་གསུང་བསྒྱུར་ཞུས་ཡོད་པ་བཅས། །