༢༠༡༨ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༠ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་ Guru Nanak Dev དམ་པ་མཆོག་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་ཐོག་མར་ཊུ་ཝི་ཊར་ Twitter སྐད་འཕྲིན་ཚན་པའི་གཙོ་འཛིན་ཇེག་ཌོར་སི་Jack Dorsey ལགས་༸གོང་ས་མཆོག་མཇལ་བཅར་ཞུས་ཏེ་མགོན་པོ་མཆོག་གིས་ Twitter སྐད་འཕྲིན་བཀོལ་སྤྱོད་མཛད་པར་བཀའ་དྲིན་ཆེ་ཞུས་པ་དང་། ༸གོང་ས་མཆོག་གིས་སྐབས་དེར་ཁོང་ལ་འཕགས་བོད་གཉིས་གནའ་རབས་ནས་འབྲེལ་ལམ་གཏིང་ཟབ་ཡོད་སྐོར་བཀའ་སློབ་སྩལ་བ་དང་སྦྲགས། རྒྱ་གར་ནང་དུ་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྲོལ་ཧ་ཅང་བཟང་པོ་ཞིག་ལོ་ངོ་སྟོང་གི་རིང་ནས་དར་སྲོལ་ཡོད་པ་མ་ཟད། ལྷག་པར་འགྲོ་བ་མི་རིགས་ཡོངས་རྫོགས་ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་རྒྱུའི་ལམ་སྲོལ་ཞིག་ཡོད་སྐོར་སོགས་བཀའ་སློབ་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བྷ་ཡི་ཝཱིར་སིངྒ་ས་དན་ Bai Vir Singh Sahita Sadan ཞེས་པའི་བསྟི་གནས་ཁང་དུ་༸ཞབས་སོར་འཁོད་སྐབས་བསྟི་གནས་ཁང་དེའི་ཚོགས་གཙོ་དང་ངེས་སྟོན་པ་གཅིག་ལྕོགས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་ Dr. Manmohan Singh མཆོག་གིས་གཙོས་འབྲེལ་ཡོད་མི་སྣས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ནས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གུ་རུ་ནཱ་ནག་ Guru Nanak མཆོག་གི་མཛད་རྣམ་དང་འབྲེལ་བའི་འགྲེམས་སྟོན་ཞིག་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་། དེ་རྗེས་སིག་ཆོས་ལུགས་རྗེས་འབྲང་པ་གཙོ་བོར་གྱུར་བའི་མི་གྲངས་ ༣༠༠ ལྷག་ལ་ཆོས་ལུགས་མཐུན་སྒྲིལ་སྐོར་ལམ་སྟོན་བཀའ་སློབ་སྩལ། མཛད་སྒོའི་ཐོག་མར་གཤིས་བརྗོད་གསུང་འདོན་གནང་རྗེས་སྲོལ་རྒྱུན་ལམ་ལུགས་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུ་སླད་གོས་གཟན་དམར་སྨུག་གཅིག་དང་། གུ་རུ་ནཱ་ནག་མཆོག་གི་བཀའ་དང་པོར་གྲགས་པ། གསུང་གསེར་བྲིས་མའི་འདྲ་བཤུས་ཤིག་ཕྱག་རྟགས་སུ་འབུལ་ལམ་ཞུས་པར་ཐུགས་དགྱེས་ཚོར་མཛད།
དེ་ནས་ཐོག་མར་སྒྱུར་རྩལ་གྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་སྐུ་ཞབས་བྷི་ཨེན་གོ་སྭ་མི་ BN Goswamy ལགས་ཀྱིས་གུ་རུ་ནཱ་ནག་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་ངོ་སྤྲོད་གསུང་བཤད་གནང་སྐབས་གུ་རུ་ནཱ་ནག་མཆོག་སྐུ་འཚོ་བཞུགས་སྐབས་སིག་ཆོས་ལུགས་ཙམ་མ་ཟད། ཆོས་ལུགས་གཞན་ལའང་གུས་བརྩི་ཧ་ཅང་གནང་མཁན་ཞིག་ཡིན་པའི་སྐོར་པར་རིས་ལམ་ནས་འགྲེལ་བརྗོད་གནང་སྐབས་པར་རིས་ཁག་གཅིག་ནང་དུ་གུ་རུ་ནཱ་ནག་མཆོག་གིས་ཆོས་ལུགས་འདྲ་མིན་གྱི་བསླབ་བྱ་འཁོད་པའི་ཆས་གོས་ཤིག་ཀྱང་བཞེས་ནས་ཡོད་པ་དེར་དམིགས་འཛུགས་ཀྱིས་དམ་པ་ཁོང་ཇི་ཙམ་ཆོས་ལུགས་ཚང་མར་གུས་བརྩི་ཞུ་མཁན་ཞིག་ཡིན་པ་གསལ་བཤད་ཞུས། ལྷག་པར་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཁྲོད་རླབས་ཆེན་གྱི་བྱས་རྗེས་གཅིག་ནི། ཁ་ཆེའི་གནས་ཆེན་མ་ཁར་ Mecca གནས་མཇལ་དུ་ཕེབས་པའི་ལོ་རྒྱུས་སྐོར་འགྲེལ་བརྗོད་ཞུས།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
གུ་རུ་ནཱ་ནག་སྐུ་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་བའི་དུས་ཆེན་ལོ་འཁོར་མོར་སྲུང་བརྩི་ཞུ་སླད་དེ་རིང་འདིར་དབུ་འབྱེད་མཛད་སྒོའི་ཐོག་ངོས་རང་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་སྤོབས་སྐྱེ་བྱུང་། སྤྱིར་ངོས་ཀྱིས་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་ཞིབ་ཕྲ་ཤེས་རྟོགས་མེད་ཀྱང་རྒྱུན་དུ་དམ་པ་ཁོང་ལ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ལྷག་པར་ཧིན་དུའི་ཆོས་ལུགས་རྗེས་འབྲང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་བཞིན་དུ་ཁ་ཆེའི་གནས་ཆེན་མ་ཁར་ Mecca གནས་མཇལ་དུ་ཕེབས་ནས་ཆོས་ལུགས་གཞན་ལའང་གུས་བརྩི་ཞུས་པའི་ལོ་རྒྱུས་དེ་དག་ལ་ངོས་རང་ངོ་མཚར་སྐྱེ་བཞིན་འདུག
དཔྱད་སྒོམ་དང་འཇོག་སྒོམ་སོགས་ཞི་ལྷག་གི་ཉམས་ལེན་ལ་བརྟེན་ནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་རྣམ་གཞག་དེ་དག་རྒྱ་གར་གྱི་ཆོས་ལུགས་ཁག་གཅིག་ནང་ཡོངས་གྲགས་རེད། ཉམས་བཞེས་དེ་དག་ལ་བརྟེན་ནས་བློའི་བྱེད་ལས་དང་རྣམ་རྟོག་གི་རྒྱུ་བ། ཉོན་མོངས་ཀྱི་བློར་གཉེན་པོ་བསྟེན་ནས་སེམས་མ་ཞི་བ་ཞི་བར་བྱེད་བཞིན་ཡོད། བསླབ་བྱ་དེ་དག་རྒྱ་གར་སྲོལ་རྒྱུན་རིག་གཞུང་གི་བྱས་རྗེས་གཙོ་བོ་ཡིན་ཞིང་། སྲོལ་རྒྱུན་ལེགས་བཤད་དེ་དག་ལས་ག་རུ་ནཱ་ནག་ཙམ་མ་ཟད། ཁོང་གི་གོང་དུ་རྒྱལ་བ་དམ་པ་ Mahavira དང་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་འཁྲུངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
སྤྱིར་བསྟི་གནས་ཁང་དེ་བཙུགས་ནས་ལོ་ངོ་ ༦༠ འཁོར་ཞིང་། བསྟི་གནས་ཁང་དེ་འཛུགས་དགོས་དོན་ནི། སིག་ཆོས་ལུགས་ཀྱི་སྙན་ངག་པ་དང་མཁས་དབང་། དེ་བཞིན་སིག་ཆོས་ལུགས་ཀྱི་ལྟ་གྲུབ་སྨྲ་བ་གྲགས་ཅན་ Bhai Vir Singh མཆོག་གི་དྲན་རྟེན་དང་། ཁོང་གི་ལྟ་གྲུབ་ལམ་སྟོན་རྒྱུན་འཛིན་གོང་འཕེལ་ཆེད་བཙུགས་པ་ཞིག་ཡིན་འདུག །