༢༠༡༨ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་རྒྱལ་ས་ལྡི་ལི་དང་། དེ་རྗེས་ཉི་ཧོང་དུ་མཛད་འཕྲིན་ཁག་གཅིག་བསྐྱང་ཆེད་ཆིབས་སྒྱུར་བསྐྱང་གནང་མཛད་འདུག
དེ་ཡང་མཛད་འཆར་ལྟར་ན་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་མགོན་གང་ཉིད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བྷ་ཡི་ཝཱིར་སིངྒ་ས་ཧིཏྱ་ས་དན་ Bhai Vir Singh Sahitya Sadan ཞེས་པའི་བསྟི་གནས་ཁང་དུ་སིག་གི་བླ་ཆེན་གུ་རུ་ནཱ་ནག་ Guru Nanak Dev དམ་པ་མཆོག་གི་འཁྲུངས་སྐར་དུས་ཆེན་ཐེངས་ ༥༥༠ འཁོར་བའི་དྲན་རྟེན་མཛད་སྒོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་དང་། ཁུལ་དེར་༸ཞབས་སོར་འཁོད་མཚམས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༡ ཉིན་མགོན་པོ་གང་ཉིད་ལྡི་ལི་ནས་སིངྒ་པུར་བརྒྱུད་ཉི་ཧོང་དུ་ཆིབས་སྒྱུར་མཛད་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཡོ་ཁོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་ (National Convention Hall of Yokohama) དུ་ཤེས་རབ་སྙིང་པོ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་མ་ཟད།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་ཆེ་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ཚན་རིག་མཁས་པ་གསུམ་གྱིས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༧ ཉིན་ཤེས་རབ་སྐྱེད་ཚལ་གླིང་གི་གོ་སྒྲིག་འོག་ཧེ་བྷི་ཡ་ཚོགས་ཁང་ Hibiya Open Air Concert Hall ནང་དུ་ “ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་” ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་ཚོར་བཀའ་སློབ་སྩལ་རྒྱུ་དང་།
ཕྱི་ཚེས་ ༡༨ ཉིན་ཤེས་རབ་སྐྱེད་ཚལ་གླིང་གི་ཚོགས་ཁང་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།