ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཏཱ་ལའི་བླ་མ་ཐེབས་རྩའི་གོ་སྒྲིག་འོག་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། ༸སྐུའི་གསུང་སྒྱུར་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྫས་སྦྱོར་རིག་པའི་ཐོག་ནོ་བེལ་གཟེངས་རྟགས་བཞེས་མཁན་ཐེ་ཝན་གྱི་མི་རིགས་ཐོག་མ་སློབ་དཔོན་ཆེན་མོ་ལི་ཡོན་ཀྲིག་ལགས་ཀྱིས་གཙོས་ཐེ་ཝན་ Taiwan ནས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་སོགས་ཁྱོན་རྒྱ་རིགས་མི་གྲངས་ལྔ་བཅུ་དང་། དེ་བཞིན་དབུས་སྨན་རྩིས་ཁང་དང་། རིག་ལམ་སློབ་གཉེར་ཁང་། ས་རཱ་མཐོ་སློབ། བོད་ཀྱི་དཔེ་མཛོད་ཁང་། གཏོང་ལེན་བཅས་སོགས་ནས་ཚོགས་བཅར་བ་མི་གྲངས་ ༡༨༦ གཞན་ཡང་ཟུར་ཉན་དུ་བོད་མི་སེར་སྐྱ་ཕོ་མོ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་ཚང་འཛོམས་ཐོག་བགྲོ་གླེང་གཟབ་རྒྱས་ངང་སྐོང་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་འཚམས་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན། ཐེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚན་རིག་པ་དང་མཉམ་དུ་འདི་ལྟ་བུའི་བགྲོ་གླེང་ཚོགས་འདུ་ཚོགས་པ་ཕལ་ཆེར་ཐེངས་དང་པོ་ཡིན། ཚན་རིག་པ་མང་པོ་དང་ལྷན་འདི་ལྟ་བུའི་ཚོགས་འདུ་ལོ་ ༣༠ ཙམ་གྱི་སྔོན་ནས་གོ་བསྡུར་བྱེད་རྒྱུ་བྱུང་། ལྷག་པར་ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་། དེ་བཞིན་སྐབས་རེ་རྒྱ་གར་གྱི་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་བྱུང་།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འདི་རྒྱ་རིགས་ཀྱི་སྤྱི་ཚོགས་ནས་ཕེབས་པའི་ཚན་རིག་པ་དང་ལྷན་ཚོགས་འདུ་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས། ངོས་ཀྱིས་འདི་ལྟ་བུའི་ཚོགས་འདུ་ཚོགས་དགོས་དོན་གཙོ་བོ་གཉིས་ཡོད་པ་དེའི་སྐོར་འགྲེལ་བརྗོད་བྱེད་འདོད་བྱུང་། དང་པོ་ནི། ཚན་རིག་ཤེས་བྱའི་གནས་ལ་གོ་རྟོགས་ཡར་རྒྱས་གཏོང་ཆེད་སྤྱི་དང་། བྱེ་བྲག་ཏུ་ཚན་རིག་པས་ཉམས་ཞིབ་བྱས་པ་དཔེར་ན། དུས་རབས་ ༢༠ མཇུག་ཏུ་མང་ཆེ་བས་ཕྱི་དངོས་པོར་དོ་སྣང་ཆེ་བ་བྱས་པ་མ་གཏོགས་ནང་ཤེས་པར་དོ་སྣང་བྱེད་ཀྱི་མི་འདུག
ངོས་ཀྱིས་ཤེས་པའི་སྐོར་འགྲེལ་བཤད་རྒྱག་དུས་ཁ་ཤས་ཀྱིས་ཀླད་པ་མ་གཏོགས་ཤེས་པ་ཡོད་མ་རེད་ཅེས་ཟེར་གྱི་འདུག ཚན་རིག་པ་མང་པོ་ཞིག་གིས་ཕྱི་དངོས་པོ་ཙམ་ལ་ཉམས་ཞིབ་བྱས་པ་དེས་འདང་གི་མི་འདུག ལྷག་པར་བདེ་སྡུག་གི་ཚོར་བ་ཁོང་ཁྲོ་དང་། སྙིང་རྗེ་དེ་དག་ནི་ཀླད་པའི་བྱེད་ལས་ཙམ་མིན་པར་ཤེས་པར་རག་ལུས་ཡོད། དེར་བརྟེན་ཚན་རིག་པ་ཚོས་ཉམས་ཞིབ་གནང་རྒྱུའི་སློབ་ཚན་ནང་ཤེས་པའི་སྐོར་ཉམས་ཞིབ་བྱ་རྒྱུ་དེ་འཇོག་དགོས། དུས་རབས་ ༢༠ མཇུག་ཏུ་དམིགས་བསལ་ཀླད་པའི་ཚན་རིག་ཆེད་ལས་པ་ཚོས་དེ་མི་འདྲ་བ་ཞིག་འདུག་ཅེས་ངོས་ལ་བརྗོད་ཀྱི་འདུག ང་ཚོའི་ཀླད་པ་ཡར་རྒྱས་གཏོང་བར་སྒོམ་བརྒྱབ་ནས་སྦྱོང་བརྡར་བྱས་པ་ཡིན་ན་མི་ཁ་ཤས་ལ་ཀླད་པ་དེ་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་འདུག་ཐུབ་པའི་ནུས་པ་ཡོད་པ་དང་། སྒོམ་རྒྱག་ཡོང་དུས་ཀླད་པ་ལ་འགྱུར་ལྡོག་འགྲོ་གི་ཡོད་པ་ཚན་རིག་པ་ཚོས་ངེས་པ་རྙེད་ཡོང་གི་འདུག ཚན་རིག་པ་ཁག་གཅིག་གིས་དེ་ལ་ཉམས་ཞིབ་བྱེད་རྒྱུ་ཡང་མགོ་བཙུགས་ཚར་བ་རེད།
དཔེར་ན་ཨ་རི་ནས་ཡིན་པའི་ཀླད་རྩའི་ཚན་རིག་པ་མཁས་པ་ཞིག་གིས་སེམས་ཕྲ་མོའི་སྐོར་རྟགས་མཚན་དེ་འདྲ་སྟོན་གྱི་འདུག དཔེར་ན་ཀླད་པ་ཤི་ཟིན་པ་དང་སྙིང་གི་ལས་ཀ་བྱེད་རྒྱུ་མཚམས་བཞག་ཡིན་ནའང་ལུས་པོའི་དྲོད་མ་ཡལ་བར་གསོན་པོ་སྡོད་མཁན་འདུག དཔེར་ན་ངོས་ཀྱི་དགེ་རྒན་ལྟ་བུར་ཆ་བཞག་ན་སྨན་པས་ངོས་ནས་འདས་གྲོངས་སུ་གྱུར་ཟིན་སྐོར་གསུང་གི་འདུག འོན་ཀྱང་ཁོང་གི་ལུས་པོ་ཉིན་གྲངས་ ༡༣ རིང་དྲི་མ་མེད་པར་གནས་ཡོད། དེ་ལྟ་བུར་ཁ་ཤས་བདུན་ཕྲག་གཉིས་རིང་དང་། ཁ་ཤས་བདུན་ཕྲག་གསུམ་རིང་ཕུང་པོ་རྙིང་པ་མ་ཆགས་པར་སོས་པ་བྱས་ནས་བསྡས་པ་དེ་འདྲ་ཡོང་བཞིན་ཡོད། ནང་པའི་ལྟ་གྲུབ་ཐོག་ནས་དེར་འགྲེལ་བཤད་ཡོད་ཀྱང་ཚན་རིག་པའི་ངོས་ནས་ད་ལྟའི་ཆར་འདི་ལྟ་བུའི་གནས་ཚུལ་ལ་དམིགས་བསལ་འགྲེལ་བཤད་མེད།
ཨ་རིའི་ཝི་སི་ཀོན་སིན་ Wisconsin སློབ་གྲྭ་ཆེན་མོའི་ནང་ཕྱག་ལས་གནང་མཁན་དབང་རྩའི་ཚན་རིག་པ་རི་ཆཌ་ཌེ་ཝི་ཌི་སན་ Richard Davidson ལགས་ཀྱིས་མི་འདས་གྲོངས་སུ་གྱུར་རྗེས་ཕུང་པོར་དྲི་མ་མེད་པར་སོས་ཉམས་ལྡན་པར་གནས་པ་དེ་འདྲའི་སྐོར་ཉམས་ཞིབ་བྱེད་རྒྱུའི་ལས་འཆར་ཞིག་འགོ་བརྩམས་ཡོད། ང་ཚོ་འདིར་འཛོམས་དགོས་པའི་དམིགས་ཡུལ་དང་པོ་དེ་འདི་ཡིན།
གཉིས་པ་ནི། ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འཕྲུལ་ཆས་དང་ཚན་རིག་ཧ་ཅང་ཡར་རྒྱས་ཕྱིན་པ་དང་མཉམ་དུ་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་སོགས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་དེ་དག་བེད་སྤྱོད་ཧ་ཅང་ཡོད། ཚན་རིག་པས་ཉམས་ཞིབ་ཁྲོད་ནས་འཕྲུལ་ལས་རིགས་ཧ་ལས་པ་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། དེ་དག་གིས་མིའི་སྤྱི་ཚོགས་ལ་ཚད་མཐོ་བོ་ཕན་ཐོགས་བྱུང་བཞིན་ཡོད་ནའང་། ཚན་རིག་གི་ཉམས་ཞིབ་གྲུབ་དོན་མང་པོའི་ཁྲོད་ནས་དཔེར་ན་རྡུལ་ཕྲན་མཚོན་ཆ་ལྟ་བུ་མི་གསོད་བྱེད་ཀྱི་ལག་ཆ་མང་པོ་ཞིག་བྱུང་བའི་རྐྱེན་གྱིས་ཚན་རིག་གི་ཤེས་བྱ་དེ་སྟབས་མ་ལེགས་པར་གཏོར་བཤིག་གཏོང་རྒྱུ་དང་མི་ལ་འཇིགས་སྣང་དང་འཚེ་བའི་ཕྱོགས་ལ་བེད་སྤྱོད་གཏོང་གི་ཡོད་པ་དང་། རྡུལ་ཕྲན་མཚོན་ཆ་ལྟ་བུ་གོ་བ་ཙམ་གྱིས་ཞེ་སྣང་སྐྱེས་དགོས་པ་དང་། དེ་དག་གི་རྩ་བའི་དམིགས་ཡུལ་མི་གསོད་རྒྱུའི་ཆེད་དུ་རེད་འདུག
ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་དུས་རྟག་ཏུ་ཞེ་སྡང་དང་། ང་རྒྱལ། དེ་བཞིན་འཇིགས་སྣང་འོག་གནས་པ་ཡིན་ན་ལུས་པོའི་ནང་ནད་སྔོན་འགོག་བྱེད་མཁན་ལུས་ཟུངས་མ་ལག་ immune systems ཉམས་རྒུད་དུ་ཕྱིན་ནས་ལུས་པོ་རང་བཞིན་གྱིས་ཉམས་རྒུད་འགྲོ་བ་དང་། ནད་ན་ཚ་ཕོག་སླ་པོ་ཆགས་ཀྱི་ཡོད་པ་ཤོད་ཀྱི་འདུག དེ་ལས་ལྡོག་སྟེ་གལ་ཏེ་གཞན་ལ་བྱམས་བརྩེ་སྤེལ་བ་ཡིན་ན་སྙིང་སྟོབས་འཕེལ་ཞིང་སེམས་ནང་ཞི་བདེ་སླེབ་རྒྱུ་དང་། དེར་བརྟེན་ལུས་པོའི་འཕྲོད་བསྟེན་ཡང་བདེ་ཐང་ཡོང་ཐུབ་བཞིན་ཡོད།
འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད། དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་ང་ཚོས་ལུས་པོའི་འཕྲོད་བསྟེན་བྱེད་པ་ལྟར་བསམ་བློའི་འཕྲོད་བསྟེན་སྐོར་སློབ་གསོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཚན་རིག་པ་ཁག་གཅིག་གིས་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད། ཅེས་བརྟག་དཔྱད་བྱས་པ་བརྒྱུད་ར་སྤྲོད་ཐུབ་པ་བྱུང་ཡོད། འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་མའི་མངལ་ནས་སྐྱེས་པ་ཤ་སྟག་ཡིན་པ་མ་ཟད། མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་གཅིག་མཚུངས་རེད། ཕྲུ་གུ་ཆུང་དུས་སྐབས་དབུལ་ཕྱུག་དང་། ཆོས་དད་ཡོད་མེད། ཆོས་ལུགས་གང་ཡིན། མི་རིགས་གང་ཡིན་སོགས་ལ་དོ་སྣང་རྩ་བ་ནས་མ་བྱེད་པར་ཕན་ཚུན་འཆམ་མཐུན་ངང་འཚོ་བཞིན་ཡོད། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་ཙམ་ལས་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་སྐོར་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད།
འཛམ་གླིང་འདིར་མི་འབོར་ཐེར་འབུམ་བདུན་ཡོད། དེའི་ཁོངས་ནས་ཆོས་དད་མེད་མཁན་མི་གྲངས་ཐེར་འབུམ་གཅིག་ཙམ་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་སྡེ་ཚན་གཉིས་ཡོད། དཔེར་ན་ང་ཚོས་སྨན་གཅིག་ཡར་བླངས་ནས་སྨན་འདི་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་མི་ཐུབ། ནད་པའི་ལུས་པོའི་གནས་བབ་དང་ནད་ཀྱི་རང་བཞིན་སོགས་དང་བསྟུན་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཆོག་པ་ལྟར། འགྲོ་བ་མི་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པར་བརྟེན། རང་རང་སོ་སོའི་ཁམས་དང་མོས་པར་གཞིགས་པའི་ཆོས་ལུགས་སྣ་ཚོགས་ཡོད། ཆོས་ལུགས་བྱེ་བྲག་པ་གཅིག་ལ་མཛུབ་མོ་བཙུགས་ནས་ཆོས་ལུགས་འདི་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་མི་ཐུབ།
ད་ལྟའི་དུས་ཚོད་འདིར་ངོས་ལ་དོ་སྣང་གང་བྱུང་ཞེ་ན། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལྷ་ཁང་དེ་འདྲ་ཧ་ཅང་ཆེན་པོ་ཡོད་ནའང་ལྷ་ཁང་སྟོང་པ་རེད་འདུག དེང་སང་མི་ཚོས་ཆོས་ལ་དད་གུས་བྱེད་རྒྱུ་དེ་ཉུང་དུ་འགྲོ་ཡི་འདུག དེར་བརྟེན་ངོས་ཀྱིས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་ཕྱི་དངོས་པོ་ཙམ་མིན་པར་ནང་བསམ་བློའི་འཕྲོད་བསྟེན་སྐོར་སློབ་ཚན་འཇོག་དགོས་འདུག་ཅེས་བརྗོད་ཀྱི་ཡོད། དེང་དུས་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་དེ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་ཙམ་ལས་ང་རང་ཚོའི་ནང་གི་ཤེས་པ་ལ་དོ་སྣང་སྤྲོད་ཀྱི་མི་འདུག ནང་སེམས་ཀྱི་ཞི་བདེ་ག་འདྲ་སྤྲོད་དགོས་པ་སོགས་ཀྱི་སྐོར་ལ་དོ་སྣང་སྤྲོད་དགོས་ཀྱི་འདུག ང་ཚོས་དེ་དག་གི་སྐོར་ལ་ཆོས་ལུགས་ཙམ་མ་ཡིན་པར་ཚན་རིག་པའི་ཉམས་ཞིབ་ཀྱི་ཐབས་ལམ་ལ་བརྟེན་ནས་འགྲེལ་བཤད་སྐྱོན་པ་ཡིན་ན་མི་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ངའི་དམིགས་ཡུལ་གཉིས་པ་དེ་འདི་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ། །