༢༠༡༨ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་བཏང་གནས་ནང་འཁོད་དོན། བལ་ཡུལ་དོན་གཅོད་ཁང་གི་དྲུང་ཆེ་དང་། རྒྱལ་འཕགས་ས་གནས་འགོ་འཛིན། ཀཋ་མན་གྲུ་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་དགེ་གླིང་ལྷག་པ་རྡོ་རྗེ་ལགས་དང་། ཚབ་གསར་འཇོ་འཁེལ་ས་གནས་འགོ་འཛིན་ཀརྨ་རྒྱལ་མཚན་གཉིས་དབར་གྱི་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་དཔལ་ལྡན་ནང་སྲིད་སྐུ་ཚབ་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོས་སྤྲོད་དཔང་གིས་འགན་འཁུར་བཞེས་ཐོག ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ ཉིན་འགོ་འཛུགས་ཀྱིས་ཉིན་དེ་རང་ལ་ལས་དོན་མཐའ་དག་ལེགས་གྲུབ་བྱུང་བ་དང་། ཕྱི་ཚེས་ ༢༣ སྔ་དྲོ་ཆུ་ཚོད་ ༡༠ ཐོག་བལ་ཡུལ་དོན་ཁང་གི་ཚོགས་ཁང་དུ་སྤྲོད་དཔང་དང་། ས་འགོ་གསར་རྙིང་གཉིས། རྒྱལ་ས་དང་འཕགས་ཤིང་ས་གནས་གཉིས་ཀྱི་ས་འཐུས་ཚོགས་གཙོས་དབུས་འཐུས་མི་རྣམ་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ཚང་འཛོམས་ཀྱི་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་སོང་། སྐབས་དེར་སྤྲོད་དཔང་ཚུལ་ཁྲིམས་ལགས་ཀྱིས་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཞིབ་ཕྲ་སྒྲོགས་སྦྱང་དང་། ས་འགོ་ཟུར་པ་ནས་གསུང་བཤད་གྲུབ་རྗེས་ཚོགས་བཅར་བ་ཡོང་ནས་ས་འགོ་གསར་རྙིང་གཉིས་ལ་མཇལ་དར་སྒྲོན་འབུལ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ།
ཡང་དེ་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བལ་དོན་ཁང་གི་རིག་གཞུང་ཚོགས་ཁང་ནང་དུ་བལ་དོན་དྲུང་ཆེ་ཟུར་པ་དགེ་གླིང་ལྷག་པ་རྡོ་རྗེ་ལགས་ལ་ཕེབས་སྟོན་གྱི་ཇ་སྟོན་དང་འབྲེལ་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོ་དེར་ནང་སྲིད་སྐུ་ཚབ་སྤྲོད་དཔང་བལ་དོན་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ཀཋ་མན་གྲུ་ནང་གི་ས་འགོ་རྣམ་པ། བལ་ཡན་རྩིས་ཞིབ་དང་གངས་ཅན་བདེ་རྩའི་འགན་འཛིན་ལས་སྣེ་རྣམ་པ། བོད་གཞུང་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། བལ་ཡུལ་དོན་གཅོད་དང་། རྒྱལ་འཕགས། ཤར་ཝ་ར། ཧི་མཱ་ལ་ཡ་ནང་པའི་དཔེ་མཛོད་ཁང་དང་ལེགས་བྱང་བསྟི་གནས་ཁང་གི་ལས་བྱེད་བཅས་ལྷན་འཛོམས་གནང་འདུག
སྐབས་དེར་སྤྲོད་དཔང་བལ་དོན་མཆོག་ནས་བལ་དོན་དྲུང་ཆེ་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་དང་འབྲེལ་བའི་གསུང་བཤད་དང་། དེ་བཞིན་དྲུང་ཆེ་གསར་རྙིང་གཉིས་ནས་གཏམ་བཤད་གནང་སོང་། དེ་རྗེས་བལ་ཡུལ་དོན་གཅོད་དང་། ཤར་ཝ་ར་གསུམ་གྱི་ས་འགོ་དང་། རྒྱལ་འཕགས་ས་འགོ། དཔེ་མཛོད་ཁང་བཅས་ཀྱི་ལས་བྱེད་པ་ཐུན་མོང་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཤཱཀྱ་མུ་ནིའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཞིག་དྲན་རྟེན་ཕྱག་རྟགས་སུ་ཕུལ་སོང་། དེ་རྗེས་དྲུང་ཆེ་གསར་རྙིང་ལ་ཚོགས་བཅར་བ་ཡོངས་ནས་འཚམས་འདྲིའི་མཇལ་དར་ཕུལ་ཏེ་མཛད་སྒོ་ལེགས་པར་གྲུབ་པ་བཅས།།