ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ནང་ཆོས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་མོ་སི་ཁོ་གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་འདུག
དེ་ཡང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། རང་རེའི་སྤྱི་ཚོགས་ནང་འགྲོ་བ་མིའི་གཞི་རྩའི་རིན་ཐང་བྱམས་པ་དང་སྙིང་རྗེ་གོང་སྤེལ་གཏོང་གལ་ཆེ་བའི་སྐོར་སྤྱི་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཁག་བཞི་ངོ་སྤྲོད་བཅས་གནང་འདུག་པ་མ་ཟད། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ངོ་སྤྲོད་གནང་སྐབས། ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གཉིས་ཀར་དབྱེ་བ་མེད་པའི་ཐོག་ནས་འགྲོ་བ་མི་ཡོངས་རྫོགས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་བཅངས་ཏེ་ཕན་ཚུན་གུས་བརྩི་ཞུ་དགོས་པ་ཡིན་ཞེས་གསུང་གནང་བ་དང་། གསུང་བཤད་ཀྱི་ལས་རིམ་གྲུབ་རྗེས་དགེ་ལས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་འདུག་པ་བཅས། །