ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་མངའ་སྡེའི་ནང་ཉེ་ཆར་མེ་སྐྱོན་ཚབས་ཆེན་ཤོར་བར་བརྟེན་མི་གྲངས་ ༨༠ ལྷག་རྐྱེན་ལམ་དུ་གྱུར་ཡོད་པ་དང་མི་མང་སྟོང་ཕྲག་མང་པོ་སྡོད་ཁང་མེད་པར་གྱུར་འདུག ཐེངས་འདིའི་མེའི་འབྱུང་བའི་རྐྱེན་གྱིས་ས་གནས་མི་ཟོག་གཉིས་ཀར་གནོད་འཚེ་ཧ་ཅང་ཚབས་ཆེན་ཕོག་ཡོད་སྟབས་ཨ་རིའི་བྱང་ཁེ་ལི་ཧྥོར་ནི་ཡའི་མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པ་དང་དང་བླངས་པ་བཅས་མི་གྲངས་ཉི་ཤུ་ཙམ་ནས་མ་སྐུལ་དང་བླངས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པའི་སྟབས་བདེ་ཇ་ཁང་དུ་ཕེབས་ཏེ་ཉིན་གུང་གི་ཞལ་ལག་ཉོས་པ་མ་ཟད། ཞལ་འདེབས་བསྡུས་ནས་མེའི་འབྱུང་བའི་གནོད་འཚེ་ཕོག་པའི་ཤུལ་ལུས་ནང་མི་ཡོངས་ལ་ཨ་སྒོར་ ༧༢༣༦ འབུལ་རྒྱུའི་ཐག་ཆོད་བྱུང་ཡོད།
ཉིན་རྒྱབ་ཆུ་ཚོད་གཉིས་ལྷག་མེའི་འབྱུང་བའི་གནོད་འཚེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་ཚོགས་ཡོད། བྱང་ཁེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་གསུང་དོན། དང་བླངས་པ་རྣམ་པ་ཚོ་མེད་པ་ཡིན་ན་ཐེངས་འདིའི་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་ཁག་པོ་ཡིན་པས། གོ་སྐབས་འདི་བརྒྱུད་ངས་དང་བླངས་པ་རྣམ་པ་ཚོས་ཧུར་བརྩོན་ཆེན་པོའི་སྒོ་ནས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པས་དཔལ་འབྱོར་བསྡུ་རུབ་གནང་བའི་ཨ་སྒོར་རྣམས་རི་ཆི་མོན་ཌིའི་Richmond གྲོང་སྡེའི་སྤྱི་ཁྱབ་པ་ཊོམ་བྷ་ཊི་Tom Butt ལགས་ཀྱི་ལས་ཁུངས་སུ་འབུལ་རྒྱུའི་ཐག་ཆོད་བྱུང་ཡོད་པ་དང་། རི་ཆི་མོན་ཌིའི་གྲོང་སྡེའི་སྤྱི་ཁྱབ་པ་ཊོམ་བྷ་ཊི་ལགས་ཀྱིས། མེའི་འབྱུང་བའི་གནོད་འཚེ་བྱུང་བར་ས་གནས་བོད་མི་ཚོས་གདུང་སེམས་མཉམ་སྐྱེ་དང་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུས་འདུག་པ་བཅས། །