ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཧུན་སུར་རབ་རྒྱས་གླིང། སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༧ ཉིན་འཕྲོད་བསྟན་བཀའ་བློན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་འཕྲོད་བསྟེན་དང་ནང་མི་བདེ་དོན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཇ་ཝི་ཌི་ཨ་ཀི་ཐར་Jawaid Akhtar (IAS) ལགས་དང་ཐུག་འཕྲད་ཀྱིས་ཀར་ན་ཊ་ཀ་མངའ་སྡེའི་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་མངའ་སྡེ་གཞུང་གིས་འཕྲོད་བསྟེན་དང་འབྲེལ་བའི་མཐུན་འགྱུར་རོགས་རམ་གནང་རྒྱུའི་འབོད་སྐུལ་ཞུས་གནང་ཡོད།
དེ་བཞིན་བཀའ་བློན་མཆོག་གིས་མེངྒ་ལོར་Mangalore གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ནེ་ཊེ་མཐོ་སློབ་ཁང་ NITTE University གི་ཉེ་བའི་རིག་བདག་དང་སློབ་སྤྱིར་ཐུག་འཕྲད་གནང་ཡོད་པ་མ་ཟད། ཤྲི་དེ་ཝི་སློབ་གཉེར་ཁང་ Shreedevi Institute གི་ཚོགས་གཙོ་གཞོན་པ་དང་། ངེས་སྟོན་པ། སློབ་སྤྱི་བཅས་ལ་ཐུག་འཕྲད་གནང་ཡོད། ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་བཀའ་བློན་མཆོག་གིས་ནེ་ཊེ་མཐོ་སློབ་ཁང་དུ་ཕྱི་ལུགས་སྨན་གཞུང་ཐོག་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་དང་། དེ་བཞིན་མ་ནི་པལ་མཐོ་སློབ་ཁང་གི་སློབ་མ་སོགས་ཁྱོན་མཐོ་རིམ་སློབ་ཕྲུག་གྲངས་ ༡༨༠ ལྷག་ལ་ཐུག་འཕྲད་ཀྱིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྤྱིའི་གནས་སྟངས་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞི་བརྒྱུད་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུས་དང་ཞུ་བཞིན་པའི་སྐོར་དང་། སློབ་ཕྲུག་རྣམ་པས་ཧུར་ཐག་འབད་ཐག་གིས་སློབ་སྦྱོང་གནང་སྟེ་བསླབ་པ་མཐར་སོན་རྗེས་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་དགོས་པའི་ལམ་སྟོན་གནང་བར་མཐོ་རིམ་སློབ་མ་ཚོས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་ལ་ཧ་ཅང་དགའ་མོས་གནང་ཡོད་པ་མ་ཟད། འབྱུང་འགྱུར་ཡང་དེ་ལྟ་བུའི་ཚོགས་འདུ་གོ་སྒྲིག་གནང་རྒྱུའི་རེེ་འདུན་ཞུས་ཡོད།
ཕྱི་ཚེས་ ༢༣ ཉིན་བཀའ་བློན་མཆོག་གིས་ཧུན་སུར་དང་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁག་ལ་གཟིགས་སྐོར་གནང་སྟེ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་དང་འཚོ་བྱེད་སྨན་ཁང་གི་ལས་བྱེད། དགོན་སྡེ་ཁག་གི་སྐུ་ཚབ་སོགས་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་དང་ཐུག་འཕྲད་ཀྱིས་ས་གནས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཡར་རྒྱས་གཏོང་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་སུ་ལུས་སྦྱོང་རྩེད་ཐང་དབུ་འབྱེད་གནང་ཡོད།
དེ་བཞིན་བཀའ་བློན་མཆོག་གིས་རྒན་གསོ་ཁང་ལ་གཟིགས་སྐོར་གྱིས་ཉེ་ཆར་ལེགས་གྲུབ་བྱུང་བའི་ཆུ་མཛོད་ལ་རྟོག་ཞིབ་གནང་ཡོད། ཕྱི་ཚེས་ ༢༥ ཉིན་འཚོ་བྱེད་སྨན་ཁང་གི་ཀྲི་སྦི་ནད་གཞིའི་TB ནད་གསོ་ཁང་ལ་རྟོག་ཞིབ་དང་། ཕྱི་ཚེས་ ༡༦ ཉིན་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འཕྲོད་བསྟེན་ཚོགས་ཆུང་གི་ལས་བྱེད་རྣམས་དང་ཐུག་འཕྲད་ཀྱིས་ས་གནས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ལ་རྟོག་ཞིབ་གནང་ཡོད། བཀའ་བློན་མཆོག་དང་ལྷན་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་དང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ལྷན་བཅར་ཞུས་ཡོད་པ་བཅས། །