ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༡ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་དགའ་བྱང་སྤྱི་ཚོགས་སྨན་ཁང་གི་ཚོགས་ཁང་ནང་བོད་མིའི་ཕྱི་ལུགས་སྨན་པའི་ལྷན་ཚོགས་ཐེངས་དྲུག་པ་དེ་ཚོགས་གནང་ཡོད།
དེ་ཡང་ལྷན་ཚོགས་ཐེངས་ ༥ དེ་ཕྱི་ལོ་ ༢༠༠༧ ལོར་ཚོགས་པ་ནས་བཟུང་ལོ་ངོ་བཅུ་གཅིག་གི་རྗེས་ད་རེས་ཚོགས་གནང་ཡོད། ཐེངས་འདིའི་ལྷན་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། རྡ་ས་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས། བོད་མིའི་སྨན་ཁང་ཁག་འདྲ་མིན་གྱི་ཕྱི་ལུགས་སྨན་པ་གྲངས་ ༡༥ མཉམ་ཞུགས་གནང་ཡོད།
སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་པའི་ཕྱི་ལུགས་སྨན་པ་རྣམས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་འཕྲོད་བསྟེན་གོང་མཐོར་གཏོང་ཆེད་ཞབས་འདེགས་སྒྲུབ་དགོས་པའི་འབོད་སྐུལ་ཞུས་གནང་འདུག
གཞན་ཡང་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་མིའི་ཕྱི་ལུགས་སྨན་པའི་ལྷན་ཚོགས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ལྷན་ཚོགས་དེའི་དམིགས་ཡུལ་ཁག་ངོ་སྤྲོད་གནང་འདུག་པ་མ་ཟད། ཕྱི་ལོ་ ༡༩༩༦ ལོར་སྨན་པའི་ལྷན་ཚོགས་ཐེངས་དང་པོའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་གནང་བའི་བཀའ་སློབ་སྒྲོགས་སྦྱང་ཞུས་འདུག
ཕྱོགས་མཚུངས་དགའ་བྱང་སྤྱི་ཚོགས་སྨན་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་དྲན་རྟེན་ཕྱག་རྟགས་རེ་ཕུལ་གནང་ཡོད་པ་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །