ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་པདྨ་བདེ་ལེགས་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁག་བཞིའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཀར་ན་ཌ་ཀ་དང་། པུ་ཌི་ཅེ་རི་དང་། ཏ་མིལ་ནཱ་དུ་བཅས་ཀྱི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ལོ ༢༠༡༨ ཟླ་ ༡༡ ཚེས་ ༡༦ ནས ༢༡ བར་ཉིན་གྲངས་དྲུག་རིང་ཀེ་ར་ལ་མངའ་སྡེའི་ནང་སྤྱི་ཁྱབ་བློན་ཆེན་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༦ ཉིན་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་མངའ་སྡེའི་རྒྱལ་ས་ཅི་ན་ཡི་ Chennai ནས་ཕེབས་ཐོན་གྱིས་ཀེ་ར་ལ་མངའ་སྡེའི་རྒྱལ་ས་ཐི་རུ་ཝ་ནན་ཐམ་པུ་རམ་ Thiruvananthapuram ལ་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་དང་། མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་དོན་ཚོགས་གཙོ་སྐུ་ཞབས་ཀོ་ཌི་ཀུ་ནིལ་ སུ་རི་ཤཱ་ Shri.Kodikunnil Suresh,MP Working President of Kerala Pradesh Congress Committee (KPCC) མཆོག་དང་། མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱུན་ལས་སྐུ་ཞབས་སཱ་སི་ཀུ་མར་ Sasikumar, Member, Kerala Pradesh Congress Committee མཆོག་རྣམ་གཉིས་དང་སོ་སོར་མཇལ་འཕྲད་ཀྱིས་མངའ་སྡེའི་ནང་ཕེབས་དགོས་པའི་དམིགས་ཡུལ་དང་། བོད་དོན་ཞུ་སྒོ་ཁག་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༡༩ ནས་ ༢༡ བར་རིམ་བཞིན་མངའ་སྡེའི་གྲོས་ཚོགས་ཚོགས་གཙོའི་སྐུ་སྒེར་དྲུང་ཆེ་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཝི་ ཀེ་ བྷ་པུ་ པར་ཀ་ཤ་ V.K Babu Prakash,Secretary,Kerala Legislative Assembly མཆོག ཀེ་ར་ལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་པི་ སི་རི་རཱ་མ་ཀིརི་ཤ་ནན་ Shri.P. Sreeramakrishnan, Speaker of Kerala Legislative Assembly མཆོག ཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་ན་ར་ཡི་ ཝི་ཇ་ཡན་ Shri.Pinarayi Vijayan, Chief Minister of Kerala མཆོག་བཅས་དང་སོ་སོར་མཇལ་འཕྲད་གནང་སྟེ། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་དོན་ཚན་ལྔ་ཅན་གཙོ་བཟུང་ཐོག་གནས་ལུགས་ཁག་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར། བོད་པའི་འཐབ་རྩོད་ཀྱི་ངོ་བོ། ༧གོང་ས་མཆོག་གི་དགོངས་གཞི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞི་རིམ་སྲིད་བྱུས་སོགས་ཀྱི་ཐོག་དཔོན་རིགས་ཁག་ལ་ཞུས་གནང་ཡོད་པ་མ་ཟད། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཐུས་མི་མང་ཙམ་འཛུལ་ཞུགས་ཡོང་རྒྱུར་འབོད་སྐུལ་དང་། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་བར་དགའ་བསུ་དང་སྦྲགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་བདེན་རྒྱབ་ཤུགས་ཆེ་ཡོང་བའི་རེ་སྐུལ་བཅས་ཞུས་གནང་ཡོད་པ་དང་། དེ་བཞིན་དཔོན་རིགས་རྣམས་ལ་བོད་དོན་ཞུ་སྐུལ་དོན་ཚན་ལྔ་ཅན་གྱི་ཞུ་ཡིག་དང་། ཡིག་ཆ་ཁག་ཕུལ་གནང་ཡོད་འདུག
ལྷག་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། གྲོས་ཚོགས་ཚོགས་གཙོ་མཆོག་རྣམ་གཉིས་ནི་རྒྱ་གར་དམར་ཤོག་ཚོགས་པ་ནས་ཡིན་སྟབས། ༧གོང་ས་མཆོག་གིས་ནང་པ་དང་དམར་པོའི་ལྟ་གྲུབ་ཐོག་སྩལ་བའི་བཀའ་སློབ་ལུང་འདྲེན་གྱིས་མགོན་པོ་གང་གི་དགོངས་གཞི་གཙོ་བཟུང་ཐོག་ཁོང་ཚོའི་ལྟ་གྲུབ་དང་རན་འཚམས་འགྲེལ་བརྗོད་གནང་ཡོད་འདུག
དེ་བཞིན་ཕྱི་ཚེས་ ༡༩ ཉིན་མངའ་སྡེའི་གྲོས་ཚོགས་ལས་ཁུངས་ཀྱི་བཀོད་མངགས་ལྟར། གྲོས་ཚོགས་སྣེ་ཤན་པས་སྤྱི་འཐུས་རྣམ་པ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དང་། དེའི་དཀྱིལ་འཁོར་ལ་གནས་པའི་གྲོས་ཚོགས་ཀྱི་འབྱུང་རབས་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་ཁག་ལ་གཟིགས་བསྐོར་དུ་འཁྲིད་གནང་ཡོད་པ་མ་ཟད། དེ་ཉིན་རྒྱ་གར་སྲིད་བློན་དམ་པ་ཨིན་རྡ་ར་གྷན་རྡིའི་འཁྲུངས་ཚེས་འཁེལ་ཡོད་སྟབས་སྤྱི་འཐུས་རྣམ་པ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་གུས་བཏུད་མཚམས་ཞུར་ཆེད་ཕེབས་གནང་ཡོད་འདུག
ཕྱི་ཚེས་ ༡༨ ཉིན་ཝར་ཀ་ལ་ Varkala ཁུལ་དུ་གནས་པའི་བོད་རིགས་ཚོང་ལས་གཉེར་མཁན་རྣམས་དང་མཇལ་འཕྲད་གནང་རྒྱུའི་རེ་བསྐུལ་ཞུས་པ་བཞིན་སྤྱི་འཐུས་རྣམ་པ་ཁུལ་འདིར་ཕེབས་ཏེ། བོད་རིགས་ཚོང་པ་རྣམས་དང་མཇལ་འཕྲད་གནང་བ་དང་། དེ་རྗེས་ཚོང་ལས་གཉེར་མཁན་ཨ་ཅག་ངག་དབང་ལགས་ཀྱིས་སྤྱི་འཐུས་རྣམ་པར་འཚམས་འདྲི་དང་། ཉིན་དགུང་གསོལ་ཚིགས་ཤིག་འདེགས་འབུལ་གནང་ཡོད་འདུག
སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ནས་ ༢༡ བར་ཉིན་གྲངས་ ༢༡ རིང་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀ་ Karnataka) དང་། ཏ་མིལ་ན་ཌུ་ Tamil Nadu ཀེ་ར་ལ་ Kerala པུ་ཌུ་ཅེ་རི་ Puducherry བཅས་བཞིའི་ནང་བོད་དོན་ཞུ་སྐུལ་གནང་རིང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་གང་གི་མཚན་སྙན་ཆེ་མཐོང་གི་བཀའ་དྲིན་ཉག་ཅིག་ལ་བརྟེན། མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། བློན་ཆེན། དབུས་གྲོས་ཚོགས་འཐུས་མི། མངའ་སྡེའི་གྲོས་ཚོགས་འཐུས་མི། ཆེས་མཐོའི་འཛིན་སྐྱོང་དཔོན་རིགས་བཅས་དང་མཇལ་འཕྲད་ཞུས་སྐབས། ཁོང་རྣམ་པས་དུས་ཚོད་དགོས་ངེས་བཏང་གནང་གིས་ཞུ་དོན་རྣམས་གལ་ཆེར་དགོངས་ཏེ་གསན་བཞེས་གནང་ཡོད་འདུག་པ་མ་ཟད། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ་བོད་མི་མང་གི་སྐུ་ཚབ་དང་མགྲིན་ཚབ་པར་ངོས་བཞེས་ཀྱིས་ཆེ་མཐོང་ངང་ཕེབས་བསུའི་སྣེ་ལེན་ཡང་ཞུས་གནང་ཡོད་འདུག་པ་བཅས། །