ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །མཚུངས་མེད་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་ཞིང་གཤེགས་དམ་པ་གང་ཉིད་ཀྱི་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་། བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་གྱི་འདུས་སྤྱི་དང་། སྔ་འགྱུར་ཀཿཐོག་དགེ་རྩེ་ཨ་འཛོམ་དགོན་འདུས་སྤྱི་བཅས་ལྷན་རྒྱས་དྲུང་དུ།
ཆེད་གསོལ། དེ་ག་ལྷན་རྒྱས་ཐུན་མོང་ནས་ཤིན་ཏུ་ཡིད་གདུང་གི་གནས་ཚུལ་སྤེལ་དོན། དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ ཉིན་ཞོགས་པར་གུ་རུ་པདྨའི་གདན་ས་བལ་ཡུལ་ཡང་ལེ་ཤོད་དུ་ཕྱི་གསལ་གཟུགས་སྐུའི་བཀོད་པ་ནང་གསལ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པའི་ཡིད་གདུང་གི་གནས་ཚུལ་ཐོས་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དེ་ཡང་སྤྱིར་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། ཡང་སྒོས་སྔ་འགྱུར་རང་ལུགས་འཛིན་པ་རྣམས་ལ་བློ་ཕམ་གྱི་གནས་སུ་གྱུར་ནའང་། གདུལ་བྱ་རྟག་འཛིན་ཅན་རྣམས་གཞན་འདུལ་ཆེད་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། ཞིང་གཤེགས་༸སྐྱབས་རྗེ་དམ་པ་གང་ཉིད་ཀྱི་ས་ལམ་མངོན་རྟོགས་ལ་ཉེ་ཞོ་གང་ཡང་མེད་ཕྱིར་དང་། ཡང་སྲིད་འཁྲུལ་བྲལ་མགྱོགས་ནས་མྱུར་དུ་བྱོན་པའི་ཆེད། དེ་ག་འདས་མཆོད་གོ་སྒྲིག་ཚོགས་ཆུང་གི་གཙོས་འབྲེལ་ཡོད་ཐམས་ཅད་ནས་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས་ཤིང་། ༸སྐྱབས་རྗེ་ཞིང་གཤེགས་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་པའི་གསོལ་འདེབས་ཞུ་རྒྱུ་དང་། འབྲེལ་ཡོད་རྣམ་པ་ཚང་མར་ཐུགས་གསོ་ཞུ་རྒྱུ་བཅས་དེ་དོན་དགོངས་མངའ་འཚལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༣ ལ་ཕུལ།