ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་ National Endowment for Democracy གི་གོ་སྒྲིག་འོག་བོད་དོན་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་འཆར་གྱི་བརྗོད་གཞི་དང་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ནང་གི་བོད་མི་ཚོས་མྱངས་པའི་མྱོང་བའི་སྐོར་གསུང་དོན། རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་འཆར་བརྒྱུད་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་འཛུགས་སྐྲུན་ལས་གཞི་འགོ་བཙུགས་ཡོད་ན། རྒྱ་ནག་གཞུང་གི་ལས་འཆར་དེ་དང་འབྲེལ་བ་བྱེད་མཁན་རྒྱལ་ཁབ་ཁག་གིས་གཟབ་གཟབ་གནང་དགོས་པའི་སྐོར་གསུང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མ་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་དང་། བོད་དོན་དང་བོད་མི་ཚོར་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་སྐོར་གསུང་སྐབས། ཁོང་རྣམ་པས་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གོང་མཐོར་གཏོང་ཆེད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཁས་ལེན་གནང་།
གཞན་ཡང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོར་གསོལ་ཚིགས་ཕུལ་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་རིགས་གྲངས་ ༤༠ དང་། ས་གནས་བོད་རིགས་གྲངས་ ༡༥ ལྷག་ལ་ཐུག་འཕྲད་ཀྱིས་ཉེ་ཆར་ཇི་ནི་ཝའི་ནང་བོད་དོན་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྟོག་ཞིབ་ཀྱི་ཚོགས་འདུ་ཚོགས་པའི་སྐོར་ངོ་སྤྲོད་དང་། བོད་ཀྱི་དཀའ་རྙོག་སེལ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་ཐོག་ཤར་སྐྱོད་གནང་དགོས་པའི་སྐོར་གསུང་།
གསོལ་ཚིགས་ཐོག་རྒྱ་ནག་མང་གཙོ་དོན་གཉེར་བའི་འགོ་ཁྲིད་འབུམ་རམས་པ་ཡང་ཅན་ལི་ Yang Jianli ལགས་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་མིན་མི་ཤལ་ Min Michele ལགས་ཀྱིས་ད་ལྟ་བོད་ནང་འབྱུང་བཞིན་པའི་དཀའ་སྡུག་གི་གནས་སྟངས་སྐོར་གདུང་སེམས་མཉམ་སྐྱེ་གནང་བ་མ་ཟད། མ་འོངས་པར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་གསུངས། །