ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནེ་དར་ལན་ཌས་ Netherlands རྒྱལ་ས་ཨམ་སི་ཊར་ཌམ་Amsterdam ནང་ཡོད་པའི་ཆི་པོལ་ Schipol གནམ་ཐང་དུ་ཕེབས་འབྱོར་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་དོན་གཅོད་ཁང་གི་ལས་བྱེད་དང་། ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས། ནེ་དར་ལན་ཌི་བོད་རིགས་ཚོགས་པའི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནེ་དར་ལན་ཌས་རྒྱལ་ས་ཨམ་སི་ཊར་ཌམ་ཁུལ་དུ་ཡོད་པའི་བོད་རིགས་ ༤༠༠ ལྷག་དང་ཐུག་འཕྲད་ཀྱིས་བོད་རིགས་ནང་ཁུལ་གྱི་རྙོག་གྲ་ཙག་ཙིག་ལ་མགོ་འཁོར་ནས་མ་བསྡད་པར་གཙོ་བོ་བོད་རྒྱ་གཉིས་ཀྱི་གནད་དོན་སྐོར་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ནེ་དར་ལན་ཌའི་ནང་གནས་སྡོད་བོད་རིགས་གཞོན་སྐྱེས་ཚོས་སློབ་སྦྱོང་ཐོག་ཧུར་བརྩོན་བྱས་ཏེ་ནེ་དར་ལན་ཌའི་གཞུང་གི་ལས་ཀ་ཚད་ལྡན་ཐོབ་ཐབས་བྱེད་དགོས་པ། དེ་ལྟར་བྱུང་ན་སོ་སོ་སྒེར་དང་བོད་ཀྱི་རྩ་དོན་ལའང་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་ཀྱི་ཡོད་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་གལ་གནད་སྐོར་གསུང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནེ་དར་ལན་ཌའི་བོད་རིགས་ཚོགས་པའི་ཚོགས་མི་རྣམ་པ་དང་ཁུལ་དེའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་ཁག་གཅིག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་འཁྱེར་གནང་།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ནེ་དར་ལན་ཌིའི་བོད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་བའི་ནེ་དར་ལན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ཕེབས་ཡོད། མཛད་སྒོའི་ཐོག་མར་ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་ཕེབས་བསུ་དང་སྦྲགས་མཛད་སྒོ་ངོ་སྤྲོད་མདོར་བསྡུས་གནང་གྲུབ་མཚམས་ནེ་དར་ལན་ཌའི་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་དོན་ཆེད་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ནེ་དར་ལན་ཌས་ཁུལ་གནས་སྡོད་བོད་ཕྲུག་དང་བུད་མེད་ཁག་གཅིག་ནས་གཞས་དང་སྒོར་བྲོ་གཟིགས་འབུལ་ཞུས་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་དང་ སྐུ་མགྲོན་གཙོ་བོ་ལྕམ་ཨེ་རི་ཁ་ Errica Terpstra ལགས། སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། དོན་གཅོད་ཁང་གི་ལས་བྱེད་རྣམ་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གསུང་བཤད་གནང་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་ཆེད་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་བར་བརྟེན། བཙན་བྱོལ་བོད་མི་རྣམས་འདས་པའི་ལོ་ངོ་དྲུག་ཅུའི་རིང་འཚོ་གནས་གནང་ཐུབ་ཡོད།
བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་ཧྲིལ་པོ་རྒྱ་གར་གཞུང་དམངས་གཉིས་ཀྱིས་གཙོས་འཛམ་གླིང་ནང་བོད་དོན་ཆེད་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པར་བརྟེན་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ཆེད་ཕྲན་རང་གཞུང་འབྲེལ་ཕྱོགས་བསྐྱོད་བྱེད་བཞིན་ཡོད། ཅེས་དང་།
མའོ་ཙེ་ཏུང་དང་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་བརྒྱུད་ནང་བསྟན་རྩ་གཏོར་དུ་བཏང་ཡོད་ཀྱང་། ཕྱིས་སུ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་བོད་བརྒྱུད་ནང་བསྟན་སླར་གསོ་གནང་ཐུབ་ཡོད་པ་མ་ཟད། དེ་རིང་ཁ་སང་རྒྱ་ནག་ནང་ལའང་ནང་ཆོས་རྗེས་འབྲེང་པ་མང་པོ་ཡོད། ད་བར་བོད་མི་ ༡༥༢ ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད། ཁོང་རྣམ་པའི་མངོན་འདོད་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་ནང་གཞི་རྩའི་སྨྲ་བརྗོད་རང་དབང་སླར་གསོ་གནང་རྒྱུ་དེ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད།
དཔལ་ལྡན་སྲིད་སྐྱོང་མཆོག་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པ། དཔེར་ན་དེ་སྔོན་ལྷོ་ཨ་ཕི་རི་ཁའི་ཁྲིམས་ཀྱི་མཐོ་སློབ་ཁང་དུ་གསུང་བཤད་གནང་སྐབས་རྒྱ་རིགས་ཁག་གཅིག་གིས་ངོ་རྒོལ་བྱས་ཡོད་སྐོར་དང་། ལྷོ་ཨ་ཕི་རི་ཁའི་རང་དབང་འཐབ་རྩོད་པ་དང་སྲིད་འཛིན་ཟུར་པ་ནེལ་སན་མན་ཌེ་ལ་ Nelson Mandela ལགས་དང་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཨང་སང་སུ་སྐྱིད་Ang Sang Sui Kyi སོགས་ཀྱིས་རང་དབང་གི་ཆེད་དུ་འཐབ་རྩོད་ཡུན་རིང་གནང་རྗེས་མཐར་སོ་སོའི་ལུང་པར་ཕེབས་ཐུབ་ཡོད་པ། དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་རང་ཡུལ་བོད་ལ་ཆིབས་སྒྱུར་གནང་ཐུབ་རྒྱུའི་ཉི་མ་ཞིག་འཆར་གྱི་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོ་རང་ཡུལ་བོད་ནས་རྒྱ་གར་ལ་ཆིབས་སྒྱུར་གནང་ཡོད། ཅེས་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ནེ་དར་ལན་ཌས་ཆབ་སྲིད་འགོ་ཁྲིད་ཟུར་པ་ལྕམ་ཨེ་རི་ཁ་Erica Georgina Terpstra ལགས་ལ་གནང་སྐབས་ལྕམ་ཨེ་རི་ཁ་ལགས་ཀྱིས་དགའ་ཚོར་དང་བཅས་ཕྱག་རྟགས་འདི་ནི་བོད་དོན་ཆེད་རྒྱབ་སྐྱོར་གནང་མཁན་ནེ་དར་ལན་ཌས་མི་མང་གི་ཡིན་ཞེས་གསུངས། ནེ་དར་ལན་ཌས་བོད་རིགས་ཚོགས་པའི་འགན་འཛིན་གཞོན་པ་ཀརྨ་ངག་དབང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །