ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ཉིན་རྒྱ་གར་དབུས་གཞུང་གི་རྡོ་སྣུམ་དང་། རྫས་སྦྱོར། གྲོས་ཚོགས་ལས་དོན་བཅས་ཀྱི་བློན་ཆེན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་ཞིང་གཤེགས་དམ་པ་སྐུ་ཞབས་སཱཏཡ་པར་ཀ་ཤ་མཱ་ལ་ཝི་ཡ་ (Shri.Satya Prakash Malaviya, Former Union Minister of Petroleum,Chemical and Parliamentary Affairs) མཆོག་གི་བུ་མོ་སན་གྷི་ཏ་མ་ལ་ཝི་ཡ་ཤར་མ་ (Sangeeta Malaviya Sharma) ལགས་ཀྱིས་དམ་པ་དེ་ཉིད་ཀྱི་ཆེད། རྒྱ་གར་རྒྱལ་ས་ལྡི་ལིའི་གྲོས་ཚོགས་འོག་མའི་ཚོགས་གཞོན་གྱི་ཚོགས་ཁང་ (Dy Speaker Hall,Constitutional Club) ནང་རྗེས་དྲན་འདུ་འཛོམས་ཤིག་གོ་སྒྲིག་ཞུས་གནང་ཡོད་འདུག
རྗེས་དྲན་འདུ་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག བྷི་ཧར་ནས་ཡིན་པ་ Loktantrik Janata Dal (LJD) སྲིད་དོན་ཚོགས་པའི་འགོ་འཁྲིད་དང་། གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཤྷ་རཱད་ཡ་དྷེབ་ (Shri Sharad Yadav) མཆོག རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཡཤ་ཝནཏ་སིནྷ་ (Shri Yashwant SinhaFormer External Affairs Minister, GOI) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ (Shri. D.P.Tripathi, Former Member of Rajya Sabha) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནི་རཇ་ཤེ་ཁར་ (Sh. Neeraj Shekhar,Member of Rajya Sabha) མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཀ་ཡནྟ་ཅོ་དི་རི་ (Shri.Jayant Chaudhary) མཆོག རྒྱ་གར་སློབ་དཔོན་སྐུ་ཞབས་ཨ་ནན་དྷ་ ཀུ་མར་ (Prof. Anand Kumar) མཆོག རྒྱ་གར་སློབ་དཔོན་ཇེན་ (Prof. Jain) མཆོོག ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། དྲུང་ཆེས་གཙོས་ལས་བྱེད་རྣམ་པ།
དེ་བཞིན་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་གྱིས་གཙོས་བོད་རིགས་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་དགེ་འདུན་པ་ཁག་གཅིག་གིས་སྨོན་ལམ་གསུང་དོན་དང་། དེ་རྗེས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ (དེའི་ནང་སྐུ་ཞབས་ཁོང་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་དང་། བོད་དོན་དང་འབྲེལ་བའི་ཚོགས་འདུ་ཁག་ལ་མཉམ་ཞུགས་གནང་བ་བཅས་ཡོད་པ།) ཤིག་བརྙན་ལམ་ཐོག་ནས་གཟིགས་འབུལ་ཞུས་གནང་རྗེས། འདུ་འཛོམས་ཐོག་མཉམ་ཞུགས་གནང་མཁན་འབྲེལ་ཡོད་ཆེས་མཐོའི་མི་སྣ་རྣམས་ཀྱིས་རིམ་པས་དམ་པ་དེ་ཉིད་དང་འབྲེལ་བའི་སོ་སོའི་མྱོང་ཚོར་སྐོར་གསུངས་གནང་ཡོད་འདུག
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་ཞིང་གཤེགས་དམ་པ་མཆོག་ལ་མྱ་ངན་གུས་འདུད་དང་སྦྲགས་གསུང་དོན། སྐུ་ཞབས་དམ་པ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། དེ་བཞིན་སྐུ་ཞབས་ཁོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གནང་སྐབས། བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་གདན་ཞུས་ལྟར་མཉམ་ཞུགས་ཀྱིས་གསུང་བཤད་དང་ལམ་སྟོན་རིམ་པ་གནང་ཡོད།
ང་རང་ལྟ་བུར་ཆ་བཞག་ན། ཐོག་མར་ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཅན་དྷར་ཤི་ཀར་དམ་པ་ (Shri Chandra Shekar,Former Prime Minister of India) མཆོག་དང་ཐེངས་གཅིག་མཇལ་འཕྲད་གནང་སྐབས། ཁོང་དང་ལྷན་ཐོག་མར་མཇལ་རྒྱུའི་གོ་སྐབས་བྱུང་བ་དང་། དེ་ནས་རིམ་པས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཁག་དང་། དེ་བཞིན་སྤྱི་ཚོགས་རིང་ལུགས་ལྟ་གྲུབ་དང་འབྲེལ་བའི་ཚོགས་འདུ་ཁག་ལ་ཡང་ཡང་མཇལ་རྒྱུ་བྱུང་སོང་། ཁོང་ནི་བོད་དོན་ཐོག་རྒྱབ་སྐྱོར་དང་། བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་ཆེན་པོ་ཡོད་མཁན་ཞིག་རེད།
ཉེ་ཆར་ཁོང་གློ་བུར་དུ་སྐུ་གཤེགས་པའི་གནས་ཚུལ་བྱུང་བར་ང་རང་ཧ་ཅང་བློ་ཕམ་དང་། ཁོང་སྐུ་གཤེགས་པ་དེ་ཁོང་གི་ནང་མི་སྤུན་ཉེ་ཙམ་མ་ཟད། རྒྱ་གར་གྱི་ཆབ་སྲིད་དང་། བོད་ཀྱི་འཐབ་རྩོད་ཐོག་ལའང་གྱོང་གུན་ཆེན་པོ་བྱུང་ཡོད། བྱས་ཙང་ང་ཚོས་ཁོང་གི་བཀའ་སློབ་དང་དགོངས་ཚུལ་ཁག་མུ་མཐུད་ལག་ལེན་བསྟར་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་གསུངས། དེ་བཞིན་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་མཆོག་གིས་ཀྱང་གསུང་བཤད་གནང་འདུག