༢༠༡༨ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༠ ཉིན་ཧི་མཱ་ཅལ་མངའ་སྡེའི་ཅོན་ཏ་ར་ས་གནས་ནང་རྟེན་གཞི་བྱས་པའི་ཟབ་གསང་ཆོས་འཁོར་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་གསང་སྔགས་དར་རྒྱས་གླིང་ཐོག་མར་དབུ་འཛུགས་དང་འབྲེལ་དེང་རབས་ཀྱི་ཚན་རྩལ་ལས་རྩོལ་བྱུང་རིག་ལྡན་གྱི་སློབ་ཚན་བཅས་ཀྱི་དབུ་འབྱེད་མཛད་སྒོར་དཔལ་ལྡན་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་རྣམ་གཉིས་གཞུང་འབྲེལ་ཐོག་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཟབ་གསང་ཆོས་འཁོར་གླིང་གི་བསྟན་པའི་མངའ་བདག་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་གློག་འཕྲུལ་དང་བརྡ་འཕྲིན་བཟོ་ལས་རིག་རྩལ་བློན་ཆེན་སྐུ་ཞབས་(Shri.S.S.Ahluwalia,Minister of State for Electronics and IT) མཆོག་ལ་འཚམས་འདྲི་གནང་བ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་དང་ཟུར་དུ་མཇལ་འཕྲད་ཀྱིས་སྐུ་ཞབས་ཁོང་དེ་རིང་མཛད་སྒོར་ཕེབས་པ་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་སླད་ནམ་ཕེབས་སྐབས་ཁོང་དང་མཇལ་འཕྲད་ཀྱི་གོ་སྐབས་གནང་བ་སོགས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།
འབྱུང་འགྱུར་ཡང་སྤྱི་འཐུས་རྣམ་པ་ལྡི་ལིར་ཕེབས་སྐབས་མཇལ་འཕྲད་ཀྱི་དུས་ཚོད་སྔར་བཞིན་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུས་པར། སྐུ་ཞབས་ཁོང་ནས་ཞལ་བཞེས་གནང་ཡོད། བློན་ཆེན་ཁོང་ནི་བོད་ཀྱི་གནད་དོན་ཐད་རྒྱུས་མངའ་ཆེན་པོ་ཡོད་པ་ཞིག་དང་། ལྷག་པར་རྒྱ་གར་གྲོས་ཚོགས་འཐུས་མིའི་ནང་ནས་བོད་ཀྱི་རྩ་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་བརྟེན། ཁོང་གིས་དེ་རིང་དཔལ་ལྡན་ཚོགས་གཞོན་མཆོག་སོགས་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་གནང་འདུག་པ་བཅས།།