ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྟ་དབང་གནས་སྐོར་ Tawang Tirth Yatra ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་དབུ་འབྱེད་མཛད་སྒོའི་ཐོག་ལྷན་ཞུགས་ཀྱིས་གསུང་བཤད་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ལོའི་རྟ་དབང་གནས་སྐོར་ Tawang Tirth Yatra 2018 ཞེས་པ་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ ཉིན་རྒྱ་གར་བྱང་ཤར་ཨ་སམ་ Assam མངའ་སྡེའི་གྲོང་ཁྱེར་གུ་ཝ་ཧ་ཊི་ Guwahati ནང་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཇག་དིཤ་མུ་ཁི་Jagdish Mukhi མཆོག་གཙོ་བོར་གྱུར་བའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཙོ་འཛིན་སྐུ་ཞབས་ཨིན་དེ་རེཤ་ཀུ་མར Indresh Kumar ལགས་སོགས་སྐུ་མགྲོན་མི་སྣ་ཁག་གཅིག་ལྷན་ཞུགས་ཐོག་དབུ་འབྱེད་གནང་འདུག
ལས་རིམ་དེ་དབུ་འབྱེད་ཀྱི་ཉིན་གཅིག་གོང་སྟེ་ཕྱི་ཚེས་ ༡༨ ཉིན་མངའ་སྡེའི་སྲིད་སྐྱོང་མཆོག་གིས་གནས་སྐོར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཕེབས་བསུ་སྣེ་ལེན་མཚོན་ཆེད་དུ་དགོང་ཚིགས་གོ་སྒྲིག་གནང་བ་དང་། སྐབས་དེར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་གཙོས་སྐུ་མགྲོན་མི་སྣ་ཁག་གཅིག་གིས་གསུང་བཤད་གནང་ཡོད་པའི་ཁྲོད། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཀྱང་གསུང་བཤད་གནང་ཡོད་པ་རེད།
དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་བཤད་གནང་བའི་སྙིང་པོར་འཕགས་བོད་གཉིས་དབར་གྱི་འབྲེལ་ལམ་ནི་ལོ་བརྒྱ་ཕྲག་དུ་མའི་འབྲེལ་བ་ཞིག་ཡིན་པ་དང་། བོད་མིའི་ཆོས་དང་རིག་གཞུང་དེ་ཡང་རྒྱ་གར་འཕགས་ཡུལ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་ལས་བྱུང་བ་ཡིན་སྐོར་དང་། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་རྗེས་སྤྱི་ནོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་བ་ནས་བཟུང་ད་བར་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་རྒྱ་གང་ཆེ་གནང་ཡོད་པར་བརྟེན་བོད་མི་ཚོས་རྒྱ་གར་གྱི་བཀའ་དྲིན་དུས་རྟག་ཏུ་སེམས་ལ་ཉར་རྒྱུ་ཡིན་པ་སོགས་ཀྱི་གསུང་བཤད་གནང་འདུག
སྐབས་དེར་རྒྱ་གར་གྱི་རྐང་རྩེད་སྤོ་ལོའི་རུ་དཔོན་ཟུར་པ་དང་བོད་མིའི་གྲོགས་པོ་བུ་ཆུང་བྷོ་ཌི་ཡ་ Bhaichung Bhutia ལགས་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས། ཤི་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་གཙོས་བོད་མིའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་ཁག་གཅིག་མཉམ་ཞུགས་གནང་འདུག
དཔལ་འབྱོར་བཀའ་བློན་མཆོག་དང་ལྷན་དུ་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་ཆོས་ཉིད་ཚེ་རིང་ལགས་ཆེད་བཅར་ཞུས་འདུག
སྤྱིར་ Tawang Tirth Yatra ཞེས་པའི་གནས་སྐོར་དང་ལྷན་བོད་དོན་གོ་རྟོགས་ཀྱི་ལས་འགུལ་འདི་བཞིན་སྐུ་ཞབས་ Indresh Kumar ལགས་ཀྱི་འགོ་ཁྲིད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལས་འགུལ་འདི་ཕྱི་ལོ་ ༢༠༡༢
ལོར་ཐོག་མར་འགོ་བཙུགས་གནང་ནས་ཐེངས་འདིའི་ལས་འགུལ་འདི་བཞིན་ཐེངས་བདུན་པ་ཆགས་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་ལས་འགུལ་ནང་རྒྱ་གར་གྱི་མངའ་སྡེ་ཁག་ ༢༠ ལྷག་ནས་མི་གྲྭངས་ ༤༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག་པ་བཅས། །