༢༠༡༨ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཁ་སང་ཅོན་ཏ་རཱ་ཁུལ་དུ་རྟེན་གཞི་བྱས་པའི་ཟབ་གསང་ཆོས་འཁོར་གླིང་གི་བཤད་གྲྭ་མཐོ་སློབ་གསང་བསྔགས་དར་རྒྱས་དབུ་འབྱེད་མཛད་སྒོ་དང་། Maker Space, Artificial Intelligence སྩོལ་བྱུང་རིག་པའི་སློབ་ཚན་གསར་པ་དབུ་འབྱེད་ཆེད་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་འདུག
སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་བློན་ཆེན་སྐུ་ཞབས་ S S Ahluwalia མཆོག་ནས་མཛད་སྒོ་དབུ་འབྱེད་གནང་རྗེས་སྐྱབས་རྗེ་ཤར་སྤྲུལ་རིན་པོ་ཆེ་མཆོག་ནས་ཟབ་གསང་ཆོས་འཁོར་གླིང་བཤད་གྲྭ་གོ་གཙུགས་ཐུབ་པ་དེ་གཙོ་བོ་སྤྱི་ནིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་དད་ལྡན་སྦྱིན་བདག་ཁག་གཅིག་དང་རྒྱ་གར་གཞུང་གི་བཀའ་དྲིན་ཁོ་ནར་བརྟེན་ནས་ཡིན་སྟབས། མཛད་སྒོ་དང་བསྟུན་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུས་འདུག
དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་མཆོག་གིས་དགོན་པ་དེ་ཐོག་མར་ ༢༠༡༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་སྟེ་མ་འོངས་པར་དགོན་པ་དེའི་ནང་དུ་ནང་པའི་གཞུང་ཆེན་ཁག་གི་ལྟ་གྲུབ་སློབ་གཉེར་བྱེད་ཡུལ་གྱི་བཤད་གྲྭ་ཞིག་འཛུགས་ཐུབ་ཚེ་དགེ་མཚན་ཆེ་སྐོར་བཀའ་སློབ་ལམ་སྟོན་སྤྱི་བོར་སྨིན་སྩལ་ལྟར། འདས་པའི་ལོ་བཞི་ཙམ་གྱི་ནང་དགོན་པའི་ལས་སྣེ་དང་སྦྱིན་བདག་རྣམ་པས་སྐུ་ངལ་འཛེམས་མེད་བསྐྱོན་པའི་འབྲས་བུར་དེ་རིང་བཤད་གྲྭ་འདི་ལྟ་བུ་ཞིག་དབུ་འཛུགས་ཐུབ་པ་བྱུང་བར་བརྟེན་བཀའ་བློན་མཆོག་ནས་བོད་མའི་སྒྲིག་འཛུགས་བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་སྟེ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་དེ་ལྟར་ཕེབས་དགོས་དོན་གཙོ་བོ་ཡང་བཙན་བྱོལ་དུ་ཡོད་པའི་དགོན་སྡེ་ཚང་མ་དཔལ་ནཱ་ལེནྡཱི་བཞེད་སྲོལ་རྒྱུན་འཛིན་པ་ཤ་སྟག་ཡིན་པར་བརྟེན་འདས་པའི་ལོ་ངོ་ ༦༠ ནང་རིས་མེད་ཆོས་སྡེ་ཚང་མས་དཔལ་ནཱ་ལེནྡཱི་ཆོས་བརྒྱུད་སླར་གསོའི་ཐོག་ཞབས་འདེགས་བླ་ན་མེད་པ་བསྒྲུབས་དང་སྒྲུབ་བཞིན་ཡོད་སྐོར་གསུང་པ་དང་སྦྲགས། ལྷག་པར་ནང་པའི་སློབ་གཉེར་གནང་ཕྱོགས་དེ་ཚན་རིག་པས་ཉམས་ཞིབ་བྱེད་སྟངས་དང་འདྲ་པོ་ཡོད་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ ༣༠ ལྷག་རིང་ཚན་རིག་པ་གྲགས་ཅན་མང་པོ་ཞིག་དང་ལྷན་བགྲོ་གླེང་མཛད་བཞིན་པ་དང་། ཐེངས་འདིར་ཟབ་གསང་ཆོས་འཁོར་གླིང་དགོན་པས་སྩོལ་བྱུང་རིག་པ་ Maker Space དབུ་འབྱེད་གནང་སྟེ་ Artificial Intelligence ཞེས་པ་སློབ་ཚན་ནང་བཅུག་པ་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཙམ་མ་ཟད། དེང་དུས་རབས་ཉེར་གཅིག་གི་ནང་པའི་སློབ་གཉེར་བྱེད་ཕྱོགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྐོར་གསུང་སྟེ་བསྔགས་བརྗོད་རྒྱ་ཆེ་གནང་འདུག
ཕྱོགས་མཚུངས་ཆོས་རིག་བཀའ་བློན་མཆོག་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་བློན་ཆེན་ S S Ahluwalia མཆོག་ལ་༢༠༡༨ ལོ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྐོར་ངོ་སྤྲོད་དང་ལྷན། གོ་སྐབས་དང་བསྟུན་བཀའ་བློན་མཆོག་ནས་བློན་ཆེན་མཆོག་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཆོས་རིག་ལས་ཁུངས་ཁྱབ་ཁོངས་དགོན་སྡེ་ཁག་དང་དེའི་ནང་སློབ་གཉེར་མཁན་དགེ་བཙུན་གྱི་གྲངས་སོགས་ངོ་སྤྲོད་ཞུས་འདུག
སྐོུ་མགྲོན་གཙོ་བོ་མཆོག་ནས་ཀྱང་སྐབས་དེར་དགོན་པའི་ལས་སྣེ་དང་སྐུ་མགྲོན་རྣམ་པར་འཚམས་འདྲི་དང་། དབུ་འབྱེད་མཛད་སྒོར་བཅར་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་ཚོར་བྱུང་སྐོར་སོགས་གསུངས། ཕྱོགས་མཚུངས་ཁོང་གིས་སྩོལ་བྱུང་རིག་པའི་ Artificial Intelligence སློབ་ཚན་དེ་གང་འདྲ་ཡིན་མིན་ངོ་སྤྲོད་དང་། དེང་དུས་འཛམ་གླིང་ནང་རིག་གསར་དེའི་གལ་གནད་སྐོར་གསུང་བཤད་གནང་།
གཞན་ཡང་མཛད་སྒོ་དེའི་ཐོག་བོད་མི་མང་གི་སྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྐྱབས་རྗེ་མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། སྐྱབས་རྗེ་རི་གོ་སྤྲུལ་སྐུ་རིན་པོ་ཆེ། སྦྱིན་བདག་ཆེན་པོ་སྐུ་ཞབས་ཀྲེས་རིང་ཆེངས། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག ས་གནས་འགོ་འཛིན། ཆོས་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། སློབ་ཕྲུག སེར་སྐྱ་མི་མང་བཅས་ཕེབས་ཡོད་པ་བཅས།།