ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །བོད་པའི་སྤྱི་ཚོགས་ཁྲོད་ལ་ནད་གཞི་ཚབས་ཆེ་བ་གཅིག་ནི་མཆིན་ནད་དུག་ཐབས་ཁ་པ་ Hep B དེ་ཡིན་པ་མ་ཟད། ནད་གཞི་འདི་ངོ་རྟགས་ཆོད་ཐབས་དང་། སྨན་བཅོས་སོགས་ཀྱི་ཆེད་དུ་འགྲོ་གྲོན་གང་ཙམ་གཏོང་དགོས་པ་སྤྱི་དང་། ལྷག་པར་དུ་ནད་གཞི་འདིའི་རྐྱེན་པས་བོད་མི་མི་ཉུང་བའི་ཚེ་སྲོག་ཤོར་བཞིན་པའི་དཀའ་ངལ་དུ་མར་གཟིགས་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། དགའ་ལྡན་བྱང་རྩེ་སྤྱི་ཚོགས་འཕྲོད་བསྟེན་སྨན་ཁང་གཉིས་ཟུང་སྦྲེལ་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་དགའ་ལྡན་བྱང་རྩེའི་སྨན་ཁང་དུ་མཆིན་ནད་དུག་ཐབས་ཁ་པའི་ནད་གཞི་སྔོན་འགོག་སད་སྨན་བཅོས་ཞུ་ཕྱོགས་ཀྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད།
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༩ དང་ ༢༠ བཅས་ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི། ནད་གཞི་བརྟག་དཔྱད་བྱེད་ཕྱོགས་ཐོག་ལ་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་ཕྱོགས་དང་། མཆིན་ནད་དུག་ཐབས་ཁ་པ་ནད་པ་ཚོར་ལྟ་རྟོག་གནང་ཕྱོགས། དེ་བཞིན་སྨན་བཅོས་བྱེད་སྐབས་དཀའ་ངལ་དང་ཉམས་མྱོང་ཁག་ཕན་ཚུན་བརྗེ་རེས། མ་འོངས་པར་མཆིན་ནད་དུག་ཐབས་ཁ་པ་དང་ག་པའི་ནད་གཞིའི་སྐོར་ཉམས་ཞིབ་དང་ཐབས་བྱུས་སྟོན་ཕྱོགས་བཅས་རེད་འདུག
ཚོགས་འདུའི་ཐོག་རྡ་ས་བདེ་ལེགས་སྨན་ཁང་དང་། ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་བདུན་གྱི་སྨན་པ་དང་། སྨན་རྩིས་ཁང་གི་སྨན་པ། མོན་གྷོ་དགའ་ལྡན་བྱང་རྩེ་སྨན་ཁང་འགན་འཛིན། ལྷག་པར་མཆིན་ནད་དུག་ཐབས་ཁ་པ་ནད་གཞིའི་ཆེད་ལས་པ་དང་སྨན་པ་ཁག་གཅིག་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དགའ་བྱང་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་གདན་ཞུ་གནང་འདུག
ཚོགས་ཐེངས་དང་པོར་སྨན་པ་བློ་བཟང་ཚེ་རིང་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ནས་མཆིན་ནད་དུག་ཐབས་ཁ་པ་ནད་གཞི་དང་འབྲེལ་བའི་ལས་གཞི་ལག་བསྟར་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ་དང་། ཨ་རི་ནས་ཕེབས་པའི་Dr. Homie Razavi ལགས་ཀྱིས་རྒྱལ་སྤྱིའི་སྟེང་མཆིན་ནད་དུག་ཐབས་ཁ་པ་ནད་གཞིའི་གནས་སྟངས་ཁག་ངོ་སྤྲོད་གནང་བ་དང་ཆབས་ཅིག་བོད་པའི་སྤྱི་ཚོགས་ནང་གི་མཆིན་ནད་དུག་ཐབས་ཁ་པ་དང་འབྲེལ་ནས་ལས་རིམ་འཆར་འགོད་གནང་ཕྱོགས་སྐོར་ངོ་སྤྲོད་གནང་འདུག
ཉིན་གྲངས་གཉིས་ཀྱི་ཚོགས་འདུའི་ཚོགས་ཞུགས་པ་ཕྱི་ནང་སྨན་པ་ཁག་སྡེ་ཚན་གཉིས་ལ་བགོས་ནས། ཆེད་ལས་སྨན་པ་རྣམས་ནས་ནད་གཞི་བརྟག་དཔྱད་དང་ནད་གཞི་འདི་ཡོད་མཁན་ནད་པ་ཚོར་ལྟ་རྟོག་གནང་ཕྱོགས་བཅས་ཀྱི་ཐོག་ལམ་སྟོན་ཟིན་བྲིས་བཟོས་གནང་བ་དང་། སྤྱི་ཡོངས་སྨན་པ་རྣམས་ནས་བོད་པའི་སྤྱི་ཚོགས་ནང་གི་ཚབས་ཆེའི་ནད་གཞི་འདིའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་དང་ཐབས་བྱུས། སྨན་བཅོས་གནང་སྐབས་ཉམས་མྱོང་ཇི་བྱུང་ཕན་ཚུན་བརྗེ་རེས་སོགས་གནང་ཡོད་པ་བཅས། །