ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༤ ཉིན་བོད་མདོ་སྨད་ཨ་མདོ་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ནས་ཡིན་པ་ཕ་གཅོད་པ་དང་མ་འཕྲིན་ལས་སྐྱིད་གཉིས་ཀྱི་བུ་རང་ལོ་ ༢༣ ཡིན་པ་རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞུ་འབོད་སླད་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག་ཅེས་སྐད་འབོད་གནང་མཐར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༩ ཉིན་རྒྱབ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་མཆོད་འབུལ་གྱི་ཚོགས་མགོན་དུ་ཚིབས་སྒྱུར་གནང་བའི་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་བགྲེས་གཞོན་རྣམ་པ། ས་གནས་མི་མང་དང་བཅས་པར་ཚང་མ་ལ་སྙན་སེང་མདོར་བསྡུས་ཤིག་ཞུ་རྒྱུར། གོང་དུ་སྐྱབས་ཐོ་ནང་གསལ་པོ་སྒྲོགས་སྦྱང་གནང་བ་བཞིན། ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་བོད་གངས་ཅན་ལྗོངས་མདོ་སྨད་ས་ཁུལ་ཨ་མདོ་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་པ་ཕ་གཅོད་པ་དང་མ་འཕྲིན་ལས་སྐྱིད་གཉིས་ཀྱི་བུ་རང་ལོ་ ༢༣ ཡིན་པ་རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞུ་འབོད་སླད་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག་ཅེས་སྐད་འབོད་གནང་མཐར་འདས་གྲོངས་སུ་གྱུར་འདུག
རྒྱ་ནག་གཞུང་ངོས་ནས་ནམ་རྒྱུན་དང་མི་འདྲ་བ་དམ་བསྒྲགས་ཧ་ཅང་ཆེ་བའི་རྐྱེན་གྱིས་དམ་པ་ཁོང་གི་སྐུ་ཕུང་སྐོར་དང་ནང་མིའི་གནས་སྟངས་ཅི་ཡིན་སྐོར་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མི་འདུག ཁོང་གི་འཚོ་ཐབས་ནི་འབྲོག་ལས་ལ་བརྟེན་པའི་འབྲོག་སྡེ་ཞིག་ཡིན་འདུག
ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་སྲེག་གཏོང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་བོད་མི་གྲངས་ ༡༥༣ བྱུང་བའི་ཁོངས་ནས་མི་གྲངས་ ༡༣༡ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཨ་མདོ་རྔ་པ་རྫོང་ཁོངས་ནས་བྱུང་བའི་རང་ལུས་མེར་སྲེག་གནང་མཁན་ ༤༡ དེ་རེད་འདུག སྔ་རྗེས་བར་གསུམ་ལ་རང་ལུས་མེར་སྲེག་གཏང་མཁན་དེ་དག་ཚང་མས་ཧ་ལས་པའི་བློས་བཏང་ཆེན་པོ་དང་། འབོད་ཚིག་བསྒྲགས་པ་དེ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པ་དང་། བོད་ལ་མྱུར་དུ་གདན་འདྲེན་ཞུ་ཐུབ་རྒྱུ། བོད་མིར་རང་དབང་དགོས་ཟེར་རྒྱུ་དེ་དག་ནང་བསྡུས་པ་ཤ་སྟག་བསྒྲགས་ཡོད། དེར་བརྟེན་ང་ཚོ་རང་དབང་ལུང་པར་ཡོད་པ་ཚང་མས་ཁོང་ཚོའི་འབོད་ཚིག་དང་ཐུགས་ཀྱི་རེ་འདུན་ཚང་མ་དགོངས་པར་བཅངས་ནས་འདིའི་ཆ་ཤས་ཙམ་མིན་ནའང་སྒྲུབ་ཐབས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་གནས་སྟངས་ཚང་མས་མཁྱེན་གསལ་རེད། ང་རང་ཚོ་ངོས་ཞུ་དགོས་རྒྱུ་དང་ཛ་དྲག་ཤོས་ནི། ༸སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པ་དང་ཐུགས་དགྱེས་ཚོར་ཆེན་པོ་བཞུགས་ཐུབ་པའི་དོན་དུ་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ནི་གནད་ཀྱི་སྙིང་པོ་ལྟ་བུ་ཆགས་ནས་སྤྱིར་ཡག་ཐག་གཅོད་ཡོད་རེད། ཆེ་ཕྲ་ཚང་མས་འདོན་པ་ཡག་པོ་བཏོན་པའི་ཐོག་ནས་སློབ་སྦྱོང་གནང་རྒྱུ་དང་། སོ་སོའི་ངོ་བོ་དང་འཚམ་པའི་ལག་ལེན་བསྟར་རྒྱུ་གནད་ཀྱི་སྙིང་པོ་ཡིན་པ་དེ་རིང་དྲན་སྐུལ་གྱི་ཚུལ་དུ་ཞུ་ཆོག་པ་ཞུ་རྒྱུ་ཡིན།
གལ་ཆེ་བ་ཞིག་ལ་བོད་དོན་བདེན་མཐའ་གསལ་སླད་བློས་བཏང་དེ་འདྲ་ཆེན་པོ་བཏང་དུས་ང་ཚོའི་ངོས་ནས་ཕྱི་ནས་རྒྱབ་སྐྱོར་བཙལ་རྒྱུ་གང་ཐུབ་ཅི་ཐུབ་བྱས་པར་བརྟེན། སྔོན་མ་ལས་ལྷག་རྒྱབ་སྐྱོར་ཚད་མཐོ་བོ་སོན་ཡོད་ནའང་ལྷ་དང་བླ་མའི་བཀའ་ལུང་གཞི་ལ་བཞག་པ་ཡིན་ན། ནང་གི་ཆ་རྐྱེན་གལ་ཆེ་བ་ཞིག་གཞིས་བྱེས་བོད་མི་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་གོང་འཕེལ་གཏོང་དགོས་རྒྱུ་བཀའ་ལུང་རྟག་པར་ཕེབས་ཀྱི་ཡོད་རེད། དེ་ཚོའི་ཐོག་ལ་ཛ་དྲག་བརྩིས་ནས་གནང་སྒོ་གང་ཡོད་པ་དེ་དག་དགོངས་པ་བཞེས་ནས་བསོད་ནམས་གསོག་སྒྲུབ་གནང་རྒྱུ་དེ་དག་ཧ་ཅང་དགོས་གལ་ཆེན་པོ་རེད་འདུག་ཅེས་དྲན་སྐུལ་ཞུ་རྒྱུ་དང་། དེ་དང་ཆབས་ཅིག་གནས་ཚུལ་གཉིས་པ་ཞིག་སྙན་སེང་ཞུ་རྒྱུར། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་དང་། དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སོ་སོར་བོད་ཁམས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་པད་དགེ་གྲོང་ཚོའི་འབྲི་ཆུ་རྒྱུགས་ཡུལ་དུ་ཐེངས་གཉིས་ཙམ་རི་ཉིལ་ནས་འབྲི་ཆུའི་བཞུར་རྒྱུན་ཚབས་ཆེ་འགག་ནས་གློ་བུར་དུ་མཚོ་ཆེན་པོ་དེ་འདྲ་ཆགས་པར་བརྟེན་ཧ་ལས་པའི་ཉེན་ཁ་ཆེན་པོ་ཆགས་ནས་མདོར་ན་ཁང་པ་བརྒྱ་ཕྲག་ཁ་ཤས་བེད་མེད་ཕྱིན་པ་དང་། སྟོང་ཕྲག་མང་པོར་རྐྱོན་ཤོར་བ། མི་གྲངས་དྲུག་སྟོང་ནས་དགུ་སྟོང་ཙམ་སོ་སོའི་སྡོད་གནས་བཞག་ནས་གནས་སྐབས་རིང་ཉེན་ཡོལ་དུ་འགྲོ་དགོས་རྒྱུ་སོགས་ཉེན་ཁ་དང་དཀའ་ངལ་ཆེན་པོའི་གནས་ལ་ལྷུང་འདུག འདིའི་སྐོར་མང་ཆེ་བས་གསར་འགྱུར་བརྒྱུད་ལམ་ཁག་ནས་གཟིགས་ཡོད་ངེས་རེད། ད་རེས་སྨོན་དང་མཉམ་དུ་ཁོང་ཚོའི་དཀའ་ངལ་མྱུར་དུ་སེལ་བའི་སྨོན་ལམ་སྐྱབས་འཇུག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་། །