ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་གྲོང་ཁྱེར་ཀ་ཞི་ཝའི་ Kashiwa ནང་རྟེན་གཞི་བྱས་པའི་རེ་ཏ་ཀུ་མཐོ་སློབ་ཁང་ Reitaku University གི་རེ་ཏ་ཀུ་རྗེས་དྲན་ཚོགས་ཁང་Reitaku Memorial Hall དུ་༸ཞབས་སོར་འཁོད་རྗེས་མཐོ་སློབ་ཁང་གི་ངེས་སྟོན་པ་མོ་ཊོ་ཊ་ཀ་ Mototaka Hiroike ལགས་ཀྱིས་མཐོ་སློབ་ཁང་གི་རྩོམ་རིག་མཁས་དབང་གི་ཆེ་བསྟོད་ཕྱག་འཁྱེར་ Honorary Doctorate of Literature སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད།
སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་མཐོ་སློབ་ཁང་གི་ངེས་སྟོན་པ་མོ་ཊོ་ཊ་ཀ་ལགས་ཀྱིས་གཙོས་ངེས་སྟོན་པ་གཞོན་པ་ཨོ་ས་མུ་ན་ཀ་ཡ་མ་ Osamu Nakayama ལགས། དེ་བཞིན་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༡༧༠༠ ལྷག་ལ་བཀའ་སློབ་བསྩལ་དོན། ངོས་ཀྱིས་ནམ་རྒྱུན་ང་ཚོ་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པ་རྗོད་ཀྱི་ཡོད། ནང་པའི་གཞུང་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གསུང་ཡོད། ངོས་ཀྱིས་བཀུར་འོས་མཆེད་གྲོགས་ཕོ་མོ་རྒན་གཞོན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ཕྱག་འཁྱེར་དེ་ཐོབ་རྒྱུའི་ལས་ཀ་དེ་ཙམ་བྱས་མེད་ཀྱང་། མཐོ་སློབ་ཁང་གིས་རྩོམ་རིག་མཁས་དབང་གི་ཆེ་བསྟོད་ཕྱག་འཁྱེར་གནང་བར་དགའ་པོ་བྱུང་། ངོས་རང་གཞོན་སྐྱེས་རྣམ་པ་ཚོ་ཐུག་རྒྱུ་བྱུང་བར་སེམས་ལ་དགའ་ཚོར་བྱུང་།
ངོས་རང་འགྲོ་བ་མི་ཞིག་ཡིན་དྲན་བཞིན་ཡོད། དེང་སྐབས་རྟག་པར་འགྲོ་བ་མི་གཅིག་གིས་གཅིག་ལ་གསོད་རེས་གཏོང་གི་ཡོད་པ་དང་། ཕྲུ་གུ་ཆུང་ཆུང་ཚོ་བཀྲེས་སྐོམ་གྱི་སྡུག་བསྔལ་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པར་འཆི་བཞིན་ཡོད་པའི་གནས་ཚུལ་གོ་ཡི་འདུག འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེ་ལྡན་པ་རེད་ཅེས་ཚན་རིག་པས་ཐག་བཅད་ནས་རྗོད་ཀྱི་འདུག ཕྲུ་གུ་ཚོ་སྐྱེ་དུས་ཨ་མས་ཧ་ཅང་བྱམས་བརྩེའི་སྒོ་ནས་སྐྱོང་བཞིན་ཡོད། འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ནས་འཚོ་བཞིན་ཡོད། བྱམས་པ་དང་བརྩེ་བ་ཡོད་ན་ང་ཚོ་མཉམ་གནས་བྱེད་ཐུབ། ཆགས་སྡང་གིས་ང་ཚོ་ཁ་བྲལ་དུ་གཏོང་གི་རེད། དོན་ངོ་མར་ཚན་རིག་པས། རྒྱུན་དུ་སེམས་ལ་ཁོང་ཁྲོ་ལངས་ནས་བསྡད་ན། དེས་ང་ཚོའི་ལུས་ཟུངས་མ་ལག་ལ་གནོད་ཀྱི་ཡོད་པ་རྗོད་ཀྱི་འདུག
དེར་བརྟེན་འཛམ་བུ་གླིང་འདིའི་སྒང་ལ་སྡུག་བསྔལ་མང་པོ་ཞིག་ང་ཚོ་རང་གིས་བཟོ་བཞིན་ཡོད་པས། དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། རང་བྱུང་ཁམས་ཀྱི་འབྱུང་བའི་གནོད་པ་དེ་འདྲ་ཡིན་ན་ནི་ང་ཚོས་སྟངས་འཛིན་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ནི་ང་ཚོ་འགྲོ་བ་མིས་འཐུས་ཤོར་བཏང་བའི་ཉེར་ལེན་རེད། དེང་རབས་ཤེས་ཡོན་གྱི་ལམ་ལུགས་ནི་ཕྱིའི་དངོས་པོ་གཅིག་པུར་དམིགས་པ་ཞིག་ཡིན་པ་ལས་ནང་སེམས་ཀྱི་རིན་ཐང་ལ་དེ་ཙམ་དོ་སྣང་སྤྲོད་ཀྱི་མེད། ལོ་ངོ་ ༢༠༠ གོང་དེང་རབས་ཤེས་ཡོན་ལམ་ལུགས་དར་འགོ་ཚུགས་སྐབས་ཆོས་སྡེ་དེ་དག་གིས་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་མང་ཙམ་གནང་གི་ཡོད། འོན་ཀྱང་ད་ཆ་ཆོས་སྡེ་ཁག་གི་ཤུགས་རྐྱེན་ཉམས་རྒུད་དུ་ཕྱིན་ཡོད། དེར་བརྟེན་ང་ཚོས་ནང་སེམས་ཀྱི་རིན་ཐང་དཔེར་ན་བྱམས་པ་དང་གཞན་ཕན་གྱི་བསམ་བློ་སྐྱེད་སྲིང་བྱེད་སའི་ཤེས་ཡོན་གྱི་སྒྲིག་འཛུགས་ཤིག་སྐྲུན་དགོས།
གཟུགས་པོའི་འཕྲོད་བསྟེན་བདག་སྐྱོང་བྱེད་དགོས་པ་གལ་ཆེན་ཡིན་པ་ལྟར། ང་ཚོས་ནང་སེམས་ཀྱི་འཕྲོད་བསྟེན་ལའང་བདག་སྐྱོང་བྱེད་དགོས། དཔེར་ན་ཆགས་སྡང་གི་བློ་ཁོང་ཁྲོ་དང་། ཕྲག་དོག འཇིགས་སྣང་སོགས་ལ་སྟངས་འཛིན་བྱེད་དགོས། ཆགས་སྡང་གི་བློ་དེ་དག་གཉེན་པོ་བསྟེན་སྟངས་ནང་པའི་སེམས་ཁམས་རིག་པའི་གཞུང་ནས་གཏིང་ཟབ་གསུང་ཡོད། ཡིན་ཡང་དེ་དག་དད་པ་ཙམ་ལ་མ་བརྩིས་པར་ཤེས་ཡོན་གྱི་སློབ་ཚན་ནང་འཇོག་དགོས། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་རྗེས་འཇུག་པ་རྣམས་ལ་འདི་ལྟར་གསུང་ཡོད། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ཁོང་རང་གི་ཆོས་ཚུལ་འདི་བཅོམ་ལྡན་འདས་ལ་གུས་པ་དང་དད་པ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་ཁས་བླང་དགོས་ཀྱི་མེད། བཅོམ་ལྡན་འདས་ཀྱིས་གསུང་པ་དེ་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་བྱོས། དེ་ལ་རིག་པའི་གནོད་པ་ཡོད་མེད་དང་རིག་པའི་རྒྱབ་བརྟེན་ཡོད་མེད་དཔྱད་པ་བྱས་ནས་རྒྱབ་རྟེན་ཡོད་པ་དང་རིག་པས་གནོད་པ་མེད་པ་དེ་དག་ཁས་བླངས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རིག་པས་གནོད་པ་ཡོད་ཚེ་ཁས་ལེན་དགོས་ཀྱི་མ་རེད། ཅེས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུང་ཡོད།
རྒྱུན་དུ་མི་སུ་དང་ཐུག་པ་ཡིན་ནའང་ངོས་རང་འགྲོ་བ་མི་ཞིག་ཡིན་བསམ་པ་དྲན་བཞིན་ཡོད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་དྲན་རྒྱུ་གལ་ཆེན་པོ་རེད། ང་ཚོས་མི་རིགས་དང། རིགས་རུས། ཆོས་ལུགས་སོགས་ལ་དོ་སྣང་སྤྲོད་རྒྱུ་མང་དྲགས་ནས་སྡུག་བསྔལ་མང་པོ་ཞིག་ང་ཚོ་རང་གིས་བཟོ་ཡི་ཡོད། འདས་པའི་ལོ་ངོ་དྲུག་ཅུའི་རིང་ངོས་རང་རྒྱ་གར་ལུང་པར་བསྡད་པ་ཡིན། རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཚང་མ་ཞི་བདེའི་ངང་མཉམ་གནས་བྱས་ནས་སྡོད་བཞིན་ཡོད། དེས་ཆོས་ལུགས་ཚང་མ་ཞི་བདེའི་ངང་མཉམ་གནས་ཡོང་ཐུབ་རྒྱུའི་ངོས་ལ་སེམས་འགུལ་ཐེབས་བཅུག་སོང་།
ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་ཆེད་ཞབས་འདེགས་སྒྲུབ་རྒྱུའི་འགན་ཡོད། འོན་ཀྱང་ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་ཆབ་སྲིད་ཀྱི་རྒན་ཡོལ་ཞུས་ཟིན་པ་ཡིན། བོད་ནི་ཨེ་ཤེ་ཡའི་ཆུ་བོ་ཕལ་ཆེ་བའི་འབྱུང་ཁུངས་དང་འཛམ་གླིང་གི་སྣེ་གསུམ་པ་ཞེས་རྗོད་བཞིན་ཡོད། དེར་བརྟེན་ངོས་རང་གིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་སྐོར་རྗོད་ཀྱི་ཡོད།
ང་ཚོས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་བོད་དུ་ཉར་ཚགས་བྱས་ཐུབ་ཡོད། ནང་པ་སངས་རྒྱས་པའི་ལྟ་གྲུབ། ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ། ནང་པ་སངས་རྒྱས་པའི་ཚད་མ་རིག་པ་བཅས་ནི། དེ་རིང་ཁང་སང་གི་སྤྱི་ཚོགས་ནང་དགོས་མཁོ་ཡོད་པ་ཞིག་ཆགས་འདུག དེ་དག་སྦྱོང་བར་བོད་པའི་སྐད་ཡིག་ཡག་ཤོས་རེད། དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་དབང་བོ་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་པ་ནས་བཟུང་བོད་པས་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་བདག་པོ་བརྒྱབ་ཐུབ་ཡོད། འདས་པའི་ལོ་ངོ་བཞི་བཅུའི་རིང་ང་ཚོས་ཚན་རིག་པ་ཚོ་དང་མཉམ་གཉིས་ཕན་གྱི་བགྲོ་གླེང་བྱས་པ་ཡིན།
ད་ལྟ་འདིར་ཡོད་པའི་ལོ་ན་གཞོན་པ་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་མི་རེད། ངོས་དང་ཁྱེད་ཚོའི་མཐོ་སློབ་ཁང་གི་སློབ་དཔོན་རྣམ་པ་ཚོ་དུས་རབས་ཉི་ཤུ་པའི་ནང་གི་མི་རེད། ང་ཚོའི་དུས་རབས་འདས་ཟིན་པ་རེད། འདས་ཟིན་པ་ནི་འདས་ཟིན་པ་རང་རེད། དེར་འགྱུར་བ་གཏོང་རྒྱུ་གང་ཡང་མེད། མ་འོངས་པའི་དུས་རབས་དེ་བཟོ་ལྟ་ཇི་ལྟར་བཟོ་མིན་ཁྱེད་ཚོའི་ལག་པར་ཡོད། ཁྱེད་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ཀྱི་རེད། འདས་པའི་དུས་རབས་ནི་ཧ་ཅང་དྲག་པོའི་ལམ་ལ་ཕྱིན་ཡོད། ཉི་ཧོང་ནང་རྡུལ་ཕྲན་མཚོན་ཆའི་འབར་གས་རྐྱེན་གྱིས་མི་གྲངས་ ༡༠༠༠༠༠ ཙམ་དེ་མ་ཐག་རྐྱེན་ལམ་དུ་གྱུར་ཡོད། དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱིས་དྲི་བར་བཀའ་ལན་སྩལ། །
༼སྐུ་པར་གྱི་བདག་དབང་དགའ་ལྡན་ཕོ་བྲང་།༽