༢༠༡༨ ཟླ་ ༡༡ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ཞིང་གཤེགས་མཆོག་གིས་སྐུ་འཚོ་བཞུགས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་སྒྲུབ་ཆེད་དབུ་འོག་དཔུང་འདེགས་ཞུས་པ་དང་། ལྷག་པར་བོད་མིར་དྲང་བདེན་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་རང་དབང་སླར་གསོའི་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་དབུ་ཁྲིད་ཀྱི་ནུས་པ་གཟེངས་སུ་ཐོན་པར་ཨ་རིའི་གྲོས་ཚོགས་ནང་ཆེ་མཐོང་ཞུ་དགོས་པའི་གྲོས་ཆོད་ཞིག་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་སྒྲིག་ཚོགས་ཆུང་ Senate Judiciary Committee ལ་ཕུལ་འདུག
གྲོས་ཆོད་གཟིགས་ཆེད་འདིར་གནོན། གྲོས་ཆོད་འདོན་མཁན་གཙོ་བོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ལྕམ་སྐུ་ཌ་ཡེན་ཕ་ཡེན་སི་ཊེན་ Senator Dianne Feinstein མཆོག་ཡིན་ཞིང་། གྲོས་ཆོད་དེར་རྒྱབ་སྐྱོར་ཞུ་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེ་ནེན་ཌ་ཛི་ Mr Menendez མཆོག་ཡིན་འདུག
དེ་ཡང་གྲོས་ཆོད་དེའི་ནང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ཞིང་གཤེགས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་བརྟེན།
ཀ ༽ བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་བ་དང་།
ཁ ༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་རྣམས་ལ་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་འོས་པ་དང་། གནས་བབ་དེའི་འོག་ནས་བོད་མི་ཚོས་སོ་སོའི་ཐུན་མིན་ཆོས་དང་རིག་གཞུང་། མི་རིགས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་ཐུབ་པ།
ཕྱོགས་མཚུངས་བོད་མིའི་དོན་དམ་གྱི་དཀའ་ངལ་སེལ་ཏེ་བོད་མིའི་མངོན་འདོད་རྣམས་སྒྲུབ་ཆེད་ཞིང་གཤེགས་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྐུ་ཚེ་ཧྲིལ་པོ་བློས་གཏོང་གནང་བར་ངོས་འཛིན་ཞུ་བཞིན་ཡོད། ཅེས་འཁོད་འདུག
སྤྱིར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཡེན་ཕ་ཡེན་སི་ཊེན་ Senator Dianne Feinstein མཆོག་གིས་དེ་སྔ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཏོན་གནང་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ལྕམ་སྐུ་མཆོག་གིས་གྲོས་ཆོད་བཏོན་གནང་བ་མ་ཟད། བོད་མི་ཚོས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་དེར་རྗེས་དྲན་ཞུ་སླད་ཉིན་མོ་དེར། “བོད་མིའི་ཐོབ་ཐང་གི་ཉིན་མོ།” ཞེས་ངོས་འཛིན་གནང་དགོས་པའི་གྲོས་ཆོད་བཏོན་པ་ལྟར། གྲོས་ཚོགས་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ Sen Patrick Leahy མཆོག་དང་། ཊེག་ཁུ་རུ་ཛུ། Ted Cruz མར་ཁོ་རུ་བྷིའོ་ Marco Rubio མཆོག་བཅས་ཀྱིས་གྲོས་ཆོད་དེར་རྒྱབ་སྐྱོར་གནང་ཡོད་པ་བཅས། །