ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །བོད་རྒྱལ་ལོ་ ༢༡༤༥ བོད་ཟླ་ ༡༠ ཚེས་ ༡༠ ཕྱི་མ་དང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ས་ཁུལ་དུ་རྟེན་གཞི་བྱས་པའི་འོག་མིན་སྨིན་སྒྲོལ་གླིང་དུ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྐུ་གདུང་ཞུགས་འབུལ་གནང་ཡོད།
དེ་ཡང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རིའི་སྔ་དྲོ་ཆུ་ཚོད་ ༦ ཡོལ་ཙམ་ལ་དགོངས་པ་རྫོགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༥ ཉིན་སྐུ་གདུང་རིན་པོ་ཆེ་ཨ་རི་ནས་ལྡེ་ར་ལྡུན་འོག་མིན་སྨིན་སྒྲོལ་གླིང་དུ་གདན་ཞུས་ཀྱིས་ཕྱི་ཚེས ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩༌༡༥ ཐོག་དགེ་འདུན་པ་དང་སྐུ་མགྲོན་རྣམ་པས་སྤོས་སྣེས་སྔུན་བསུས་ཏེ་དམ་པ་དེ་ཉིད་ཀྱི་སྐུ་གདུང་གདན་འདྲེན་ཞུས་རྗེས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ནས་མྱ་ངན་གུས་འདུད་ཀྱི་མགུལ་དར་སྒྲོན་འབུལ་ཞུས་པ་དང་།
དེ་རྗེས་ཤར་དུ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་གིས་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་དང་། ཤར་ལྷོ་རུ་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་དབུ་བཞུགས་ཀྱིས་སྨིན་གྲྭ་ཁག་གཅིག་གིས་རྡོར་སེམས་ཀྱི་སྦྱིན་སྲེག ལྷོ་རུ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་དཔལ་ཡུལ་གྲྭ་ཚང་ནས་ཀར་གླིང་ཞི་ཁྲོའི་སྦྱིན་སྲེག ལྷོ་ནུབ་ཏུ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་དབུས་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་འདུན་པས་ཞི་ཁྲོའི་སྦྱིན་སྲེག ནུབ་ཏུ་མཆོག་གླིང་རིན་པོ་ཆེ་མཆོག་གིས་དབུས་མཆོག་གླིང་གྲྭ་ཚང་གིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྦྱིན་སྲེག ནུབ་བྱང་དུ་ཁྲོམ་དགེ་འཇིགས་མེད་རིན་པོ་ཆེ་དབུ་བཞུགས་ཀྱིས་དགོན་སྡེ་ཁག་ནས་ཕེབས་པའི་ཉག་རོང་གི་དགེ་འདུན་པས་སྐུ་གསུམ་དགོངས་འདུས་ཀྱི་སྦྱིན་སྲེག བྱང་དུ་གནས་ཆུང་སྐུ་རྟེན་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་གིས་བདེ་གཤེགས་ཀུན་འདུས་ཀྱི་སྦྱིན་སྲེག བྱང་ཤར་དུ་ཞེ་ཆེན་རབ་འབྱམས་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྦྱིན་སྲེག་བཅས་ཕྱོགས་བཞི་མཚམས་བརྒྱད་དཀྱིལ་འཁོར་བཞེངས་ཏེ་སྐུ་གདུང་ཞུགས་འབུལ་གནང་ཡོད།
གདུང་མཆོད་ཀྱི་མཛད་སྒོའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་ཁག་གཅིག རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་ Uttarakhand མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་བྷེ་བྷི་རཱ་ནི་མོརྱ་ Shrimati Baby Rani Maurya, Governor of Uttarakhand མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག འོས་བསྡུ་དང་འདེམས་ལྷན་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སོགས་གདུང་མཆོད་ལ་མཉམ་ཞུགས་གནང་ཡོད་པ་བཅས། །